སྡེ་ཚན་དྲུག་གིས་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་དང་མཉམ་དུ《བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
《ཇུས་གཞིའི》ནང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁྱབ་ཁོངས་ལས་བརྒལ་བ་དང་ཚད་ལས་བརྒལ་ནས་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། བཟའ་བཅའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་། བཟའ་བཅའ་དང་བཟའ་བཅའི་སྦྱོར་རྟ་ནང་འདྲེན་ཞིབ་བཤེར་སོགས་ཀྱི་འབྱུང་ཁུངས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། བཟའ་བཅའི་སྦྱོར་རྟ་ཐོན་སྐྱེད་དང་། ཕྱིར་ཚོང་དང་དེ་བཞིན་བཟའ་བཅའ་ཐོན་སྐྱེད་ལས་སྣོན་དང་བཟའ་བཏུང་ཞབས་ཞུའི་ལྷུ་ཚིགས་སུ་སྤྱོད་པ་བཅས་ཀྱི་ཐད་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྫས་འགྱུར་བཟོ་ལས་ཐོན་རྫས་ཀྱིས་བཟའ་བཅའི་སྦྱོར་རྟའི་ཚབ་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས། ཞིང་ནང་ནས་གསོལ་ལྕོག་བར་གྱི་བརྒྱུད་རིམ་ཧྲིལ་པོའི་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
《ཇུས་གཞིའི》ནང་། རིམ་ཁག་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་སྡེ་ཚན་དབར་གྱི་ཉེན་སེལ་གྲོས་མོལ་དང་གནད་དོན་བརྡ་ཁྱབ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། དུས་བཀག་ནང་བཟའ་བཅའི་སྦྱོར་རྟའི་མངོན་གསལ་དོད་པའི་ཉེན་ཁའི་གནད་དོན་ལ་ཞིབ་འཇུག་བརྡར་གཅོད་བྱེད་དགོས། ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་བཟའ་བཅའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ནང་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་པའི་ཞིང་ལས་སྤྱོད་རྫས་སྤྱོད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཚན་གྱིས་འབྲེལ་ཡོད་རྫས་འགྱུར་བཟོ་ལས་ཐོན་རྫས་དང་བཟོ་ལས་རྒྱུ་ཆ་ཐོན་སྐྱེད་ལས་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགག་སྒོ་སྡེ་ཚན་གྱིས་ནང་འདྲེན་བཟའ་བཅའི་སྦྱོར་རྟ་དོན་དངོས་ལྟར་རེ་ཞུ་མི་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས་པ། འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་བཟའ་བཅའི་སྦྱོར་རྟ་སྣ་ཁའི་སྟབས་བསྟུན་དོ་དམ་ལམ་ལུགས་ཞིབ་འཇུག་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཟའ་བཅའི་སྦྱོར་རྟ་ཐོན་སྐྱེད་དང་། ཕྱིར་ཚོང་། བེད་སྤྱོད་བཅས་ལ་ལྟ་འདོམས་ནན་པོ་བྱེད་པ་དང་བཟའ་བཅའ་ཐོན་སྐྱེད་དང་བཟའ་བཏུང་ཞབས་ཞུའི་ལྷུ་ཚིགས་ཀྱི་བཟའ་བཅའི་སྦྱོར་རྟ་བེད་སྤྱོད་ལ་ལྟ་འདོམས་ནན་པོ་བྱས་ནས་ཁྱབ་ཁོངས་ལས་བརྒལ་བ་དང་ཚད་ལས་བརྒལ་ནས་བཟའ་བཅའི་སྦྱོར་རྟ་སྤྱོད་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད།
《ཇུས་གཞིའི》ནང་། སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་ལྕག་སྐུལ་བྱས་ཡོད་ལ། རྒྱ་ཆེའི་འཛད་སྤྱོད་པས་རྒྱལ་ཡོངས་ཀྱི་ལས་སྟེགས་12315དང་ཐད་སྦྲེལ་ཁ་པར་12315བརྒྱུད་འབྲེལ་ཡོད་ཁྲིམས་འགལ་གྱི་ཁུངས་སྣེ་ཐེར་འདོན་བྱ་རྒྱུའི་ལྕག་སྐུལ་ཡང་བྱས་ཡོད།