དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་གི་སྦྱིན་བདག་ཟླ་ཆུང་གི་ལས་གཏོད་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-09

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ཁྲོམ་གཞུང་དུ་ཡོད་པའི་ཟླ་ཆུང་གི་གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་དུ་ཡོང་མཁན་ཧ་ཅང་མང་། “ཁམས་བཟང་། ཁྱེད་རང་ལ་གློག་སྒུལ་སྦག་སྦག་ཚོང་རྟགས་ག་རེ་དགོས་སམ” ཚོང་ཡག་པའི་ཉམས་བཟོ་ཁང་དུ་སྦྱིན་བདག་ཟླ་ཆུང་གིས་བྱང་ཆུབ་པོས་གློག་སྒུལ་སྦག་སྦག་བཟོ་གིན་སེམས་རྩ་འཁོལ་པོས་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་ཡོད། ཟླ་ཆུང་ལ་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་དང་རྩེར་སོན་གྱི་ལག་རྩལ་ལྡན་པས་སྐུ་མགྲོན་ཚོས་རེ་ཞིག་ཁོང་འགྲོ་སྐྱོད་བདེ་པོ་མེད་པའི་དབང་པོ་སྐྱོན་ཅན་ཞིག་ཡིན་པ་བརྗེད་འགྲོ་གི་ཡོད། ཉམས་བཟོ་ཁང་གི་སྦྱིན་བདག་དེས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མི་སེམས་འགུལ་བའི་མི་ཚེའི་གཏམ་རྒྱུད་སྙན་མོ་ཞིག་བརྩམས་ཡོད།

    1དཀའ་བ་དུ་མ་འཕྲད་ཀྱང་སེམས་དབུས་སུ་རེ་བས་ཁེངས།

    ལོ་44ལ་སླེབས་པའི་ཟླ་ཆུང་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་སྡོང་པོ་སྒང་གྲོང་ཚོ་ནས་རེད། ཆུང་དུས་ནད་ཀྱིས་མནར་ཏེ་རྐང་པ་གཡས་པའི་ཤ་གནད་འཁུམས་ནས་གོམ་པ་ཡང་ཡག་པོ་སྤོ་མི་ཐུབ་པར་འཚོ་བར་དཀའ་ངལ་ཆེན་པོ་འཕྲད། སྐྱིད་པོ་ཉིས་བརྩེགས་མེད་པའི་སྡུག་པོ་གསུམ་བརྩེགས་ཞེས་པ་ལྟར། ཁོང་གི་བཟའ་ཟླ་ཡང་འོན་པ་ཞིག་ཡིན་པས་ཁྱིམ་ཚང་དེ་སྔོན་ཆད་དུས་སྐབས་ཤིག་གི་རིང་འཚོ་ཐབས་དཀའ་བའི་གནས་སུ་གྱར།

    དཀའ་ངལ་སྣ་ཚོགས་འཕྲད་ཀྱང་ཟླ་ཆུང་གིས་ལས་དབང་ལ་རྩ་བ་ནས་མགོ་སྒུར་མྱོང་མེད་ཅིང་། ཁོ་པའི་སེམས་དབུས་སུ་སྔ་ཕྱི་བར་གསུམ་དུ་རེ་བའི་མེ་ལྕེ་འབར་བཞིན་ཡོད། ཁོང་གིས་རྣམ་ཀུན་ནས་བློ་རྩ་བརྟན་པོས“སེམས་ནང་རེ་བ་ཡོད་ན་མདུན་སྐྱོད་ཀྱི་ལམ་ཞིག་ལོས་རྙེད”ཅེས་བརྗོད་ཀྱི་ཡོད། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དེ་ནི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་སྒུལ་ཤུགས་ཀྱི་འབྱུང་རྩ་ཡིན།

    ཐང་སྐྱ་ཤང་སྡོང་པོ་སྒང་གྲོང་ཚོར་ཟླ་ཆུང་གི་གཏམ་རྒྱུད་ཀྱིས་གྲོང་མི་ཚང་མར་སེམས་འགུལ་ཚད་མེད་ཐེབས། ཁྱིམ་མཚེས་ཚོས། ཟླ་ཆུང་གི་རྐང་པ་ཐང་པོ་མེད་ཀྱང་ཁོང་གིས་རྟག་ཏུ་གཞན་ལ་རང་འགུལ་ངང་རོགས་པ་བྱེད་པ་དང་། སུའི་ཁྱིམ་ལ་རོགས་པ་དགོས་ན་ཁོང་གིས་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད་ཅེས་བཤད། གཞན་ཕན་གྱི་ལས་ལ་དགའ་བའི་གཤིས་རྒྱུད་བཟང་པོ་དེས་ཕྱིས་ཀྱི་ལས་གཏོད་ལམ་བུར་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད།

    2 སྙིང་རུས་ཆེན་པོས་ལག་རྩལ་སྦྱངས་ནས་ལས་གཏོད་བྱེད་འགོ་ཚུགས་པ།

    ལོ་བཞིའི་གོང་ཟླ་ཆུང་གིས་ལས་དབང་གི་ཁ་ལོ་བསྒྱུར་བའི་སེམས་ཐག་ཆེན་པོ་ཞིག་བཅད་ཡོད། དེ་ནི་ལྷ་སར་གློག་སྒུལ་སྦག་སྦག་ཉམས་བཟོའི་ལག་རྩལ་སྦྱོང་བར་འགྲོ་རྒྱུ་དེ་རེད། དེར་བརྟེན་ཁོང་སྐྱིད་པའི་རང་ཡུལ་ནས་བྲལ་ཏེ་ཡག་ཉེས་ཇི་ཡོང་ཤེས་དཀའ་བའི་འགྲན་སློང་ལ་རང་ཉིད་གཅིག་པུས་ཁ་གཏད་གཅོག་དགོས་བྱུང་། རྐང་པ་ཐང་པོ་མེད་པའི་ཁར་རྙོག་འཛིང་ཆེ་བའི་ལག་རྩལ་ཤེས་བྱ་སྦྱོང་རྒྱུ་དེ་དག་འགོག་རྐྱེན་ཆེན་པོར་གྱུར། འོན་ཀྱང་ཟླ་ཆུང་གིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ན་གཞི་ནས་རང་ཉིད་དང་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་གསལ་པོར་ཤེས་ཀྱི་ཡོད།

    ལྷ་སར་སློབ་སྦྱོང་དང་འཚོ་བ་སྐྱེལ་རིང་དཀའ་ཚེགས་ཆེན་པོ་འཕྲད། ཉིན་ལྟར་ཞོགས་པ་མི་གཞན་སྐྱིད་པའི་གཉིད་ལ་ཡུར་སྐབས་ཟླ་ཆུང་སྔ་པོ་ནས་མལ་ལས་ལངས་ཏེ་འཐེང་འགྲོས་ཀྱིས་གསོ་སྦྱོང་སློབ་གྲྭའི་ཕྱོགས་སུ་བསྐྱོད། ཁོང་གིས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་ནས་སློབ་སྦྱོང་གི་གོ་སྐབས་ཕྲན་བུ་ཙམ་ཡང་མ་ཤོར་བ་བྱེད་ཀྱི་ཡོད། མི་ཤེས་པ་བྱུང་ཚེ་རྟག་ཏུ་ཁོང་གིས་སེམས་ཆུང་ངང་རྒན་ལགས་དང་སློབ་གྲོགས་ལ་སྐད་ཆ་འདྲི་གི་ཡོད། དགོང་མོ་ཉལ་ཁང་དུ་སླེབས་རྗེས་ཁོང་གིས་ཉིན་མོ་སྦྱངས་པའི་ལག་རྩལ་ཡང་སྐོར་བསྐྱར་སྐོར་གྱིས་སྦྱངས་ཏེ་རྟག་ཏུ་མཚན་དགུང་བར་སྡོད་ཀྱི་ཡོད།

    སློབ་སྦྱོང་བྱེད་རིང་། ཟླ་ཆུང་ལ་ཕམ་ཉེས་དང་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཡོད། ཁོང་གིས“ཕམ་ཉེས་རེ་རེ་ནི་འཚར་ལོངས་ཡོང་བའི་གོ་སྐབས་རེ་རེ་ཡིན། མཐའ་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན”ཞེས་བཤད། མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་ཟླ་བ་ཁ་ཤས་རིང་དཀའ་བ་སྤྱད་དེ་སློབ་སྦྱོང་བྱས་མཐར་ཟླ་ཆུང་གིས་གློག་སྒུལ་སྦག་སྦག་ཉམས་བཟོའི་ལག་རྩལ་ཁོང་དུ་ཆུད།

    2020ལོར་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་དང་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག ཟླ་ཆུང་གི་ལས་གཏོད་ཕུགས་བསམ་མངོན་འགྱུར་ཐུབ་ཡོད། སྲིད་གཞུང་གི་རོགས་རམ་འོག་ཁོང་གིས་རྫོང་གྲོང་དུ་མ་དངུལ་སྒོར་ཁྲི་7བཏང་ནས་གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་ཞིག་བཙུགས། སྒོ་ཕྱེ་བའི་ཉིན་དེར་དགའ་ཉེ་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་མང་པོ་རྟེན་འབྲེལ་ཞུ་བར་སླེབས་ཡོད།

    3དྲང་པོ་དྲང་གཞག་གི་ཚོང་གཉེར་བྱས་ནས་ཀུན་ལ་དྲོ་སྐྱིད་སྦྱིན་པ།

    ཟླ་ཆུང་གི་གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་གིས་གཙོ་བོ་གློག་སྒུལ་སྦག་སྦག་ཉམས་བཟོ་དང་གློག་སྒུལ་སྦག་སྦག་གི་ལྷུ་ལག་འཚོང་བ་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད། བྱང་ཆུབ་པའི་ལག་རྩལ་དང་དྲང་པོ་དྲང་གཞག་གི་ཚོང་གཉེར་བྱས་མཐར་ཚོང་ཡག་པོ་བྱུང་ཡོད། མཐའ་འཁོར་གྱི་མང་ཚོགས་ཀྱང་ཁོང་གི་སར་གློག་སྒུལ་སྦག་སྦག་བཟོ་བ་དང་ཉོ་བར་ཡོང་གི་ཡོད།

    “རྒན་ཟླ་ཆུང་ལགས་ལག་རྩལ་ཡག་པའི་ཁར་བཟོས་གླ་ཡང་ཁེ་པོ་བྱད་པས་ང་ཚོ་ཁོང་ལ་ཡིད་ཆེས་ཡོད”ཅེས་ཚོང་ཤག་རྙིང་པ་ཞིག་གིས་ཁོང་ལ་དེ་ལྟར་གདེང་འཇོག་བྱས། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་ཆེད། ཟླ་ཆུང་གིས་ཉམས་བཟོ་ཡག་པོ་བྱེད་པ་ལས་ཁྲལ་སེལ་སླ་བཅོས་གཏན་ནས་བྱེད་ཀྱི་མེད།

    ད་ཆ་ཟླ་ཆུང་གི་གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་གི་ལོའི་ཡོང་འབབ་སྒོར་ཁྲི་5ཙམ་ཟིན་པ་དང་། ཁྱིམ་ཚང་གི་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཁོང་གི་བཟའ་ཟླར་ཡང་ལྷ་ས་ནས་ལས་ཀ་རག་པ་དང་། ཁོང་གཉིས་ཀྱིས་ཕྱར་བ་གྲུ་འདེགས་ངང་དྲོ་སྐྱིད་ལྡན་པའི་ཁྱིམ་ཆུང་སྐྱོང་བཞིན་ཡོད།

    འོན་ཏེ་ཟླ་ཆུང་གིས་རང་ཉིད་ཀྱིས་བརྒྱུད་མྱོང་བའི་དཀའ་སྡུག་དེ་དག་བརྗེད་མེད་ལ་དབང་པོ་སྐྱོན་ཅན་གྱི་གྲོགས་པོ་མང་པོ་ཞིག་ད་དུང་དཀའ་སྡུག་ཁྲོད་གནས་པའང་བརྗེད་མེད། ཁོང་གིས“ངའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་རོགས་རམ་གནང་བ་དང་ཁ་འབྲལ་ཐབས་མེད། ད་ཆ་ངས་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་བཏོན་ནས་དབང་པོ་སྐྱོན་ཅན་དེ་བས་མང་བར་རོགས་རམ་བྱེད་ཀྱི་ཡིན”ཞེས་རྟག་ཏུ་ཤོད་ཀྱི་ཡོད།

    དེས་ན་ཟླ་ཆུང་གིས་དབང་པོ་སྐྱོན་ཅན་གཞན་ལ་ལག་རྩལ་གསོ་སྦྱོང་བྱེད་རྒྱུའི་འགན་འཁྲི་དང་དུ་བླངས་ནས་ཁོང་ཚོས་ལག་རྩལ་སྣ་གཅིག་ཤེས་པར་རོགས་རམ་བྱས། ཁོང་གིས་རང་ཉིད་ཀྱི་མྱོང་བ་དང་འབད་བརྩོན་ལ་བརྟེན་ནས་དབང་པོ་སྐྱོན་ཅན་དེ་བས་མང་བས་འཚོ་བར་རེ་བས་ཁེངས་ནས་བློ་ཁོག་ཆེན་པོས་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། “དཀའ་བ་དང་དུ་བླངས་ནུས་ན་དབང་པོ་སྐྱོན་ཅན་གྱིས་ཀྱང་རང་ལ་དབང་བའི་ངོ་མཚར་གྱིས་ཕྱུག་པའི་མི་ཚེ་ཞིག་གཏོད་ཐུབ”ཅེས་ཟླ་ཆུང་གིས་བློ་རྩ་བརྟན་པོས་བཤད།

    དམངས་སྲིད་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བའི་ལས་ལ་གཞོལ་བའི་རྒྱབ་ལྗོངས་འོག ཟླ་ཆུང་གི་གཏམ་རྒྱུད་གསོན་ཉམས་དོད་པའི་དཔེ་མཚོན་དུ་གྱུར་ཡོད། ཁོང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱིས་རང་ཁ་རང་གསོ་ཐུབ་པ་མ་ཟད། ད་དུང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པའང་ར་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།