མཚོ་བོད་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ(སྐུད་ལམ་ཁག་གཅིག)སྤྱོད་འགོ་ཚུགས་པ།
ཉེ་ཆར། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིས་བསྐྲུན་པ་དང་དོ་དམ་བྱས་པའི་མཚོ་བོད་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ(སྐུད་ལམ་ཁག་གཅིག)ཚང་མ་སྤྱོད་འགོ་ཚུགས་པ་རེད། ལས་གྲྭ་དེ་སྤྱོད་འགོ་ཚུགས་རྗེས་བོད་ལྗོངས་གློག་དྲའི་ཆུ་བྲི་དུས་ཀྱི་གློག་གཏོང་དགོས་མཁོ་ཆེས་ཆེར་སྐོང་ཐུབ་པ་དང་། གློག་དྲ་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་ཐུབ་རྒྱུ་དང་ཆབས་ཅིག་བོད་ཀྱི་དབུས་རྒྱུད་ས་ཁུལ་གྱི་ཆུ་རྒྱས་དུས་ཀྱི་གློག་ཤུགས་ལྷག་མ་ཕྱིར་གཏོང་ཐུབ་རྒྱུ་རེད།
མཚོ་བོད་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭར(སྐུད་ལམ་ཁག་གཅིག)མ་དངུལ་སྒོར་དུང་ཕྱུར་1.67བཏང་བ་དང་2024ལོའི་ཟླ་4ཚེས་30ཉིན་ལས་འགོ་བཙུགས་ནས་སྐུད་ལམ་2གསར་དུ་ཁྲིད་པར་ཁྱོན་སྤྱི་ལེ་45.6ཟིན་པ་དང་གློག་སྒྱུར་ས་ཚིགས་2རྒྱས་སྐྲུན་བྱས་ཡོད། རྣམ་གྲངས་ཀྱི་ལམ་རྒྱུད་མཐོ་ཤོས་ལ་ས་བབ་སྨི་མཐོ་ཚད་སྨི་5300ཟིན་པ་དང་ལམ་ཐིག་ཧྲིལ་པོར་རི་ཁུལ་དང་རི་མཐོས་70%ལྷག་ཙམ་བཟུང་ཡོད་པས། གཡང་གཟར་ཆེ་ལ་ཁོར་ཡུག་གི་ཆ་རྐྱེན་ཞན་པོ་ཡོད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིའི་ཏང་ཨུད་ཀྱི་སྣེ་ཁྲིད་འོག རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་མཁན་ཚན་པ་ཁག་གིས་ཨར་ལས་ཀྱི་སྟོབས་ཤུགས་ལེགས་སྒྲིག་དང་། ཨར་ལས་ཀྱི་ཇུས་གཞི་ལེགས་བཅོས། བདེ་འཇགས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་བཟོ་བ། ལས་དུས་ལ་དོ་དམ་ཚོད་འཛིན་ནན་པོ་བཅས་བྱས་ནས་རྣམ་གྲངས་དུས་བཀག་ལྟར་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།