“ལྔ་གཅིག”གུང་གསེང་རིང་མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི་56.96སྐྱེལ་འདྲེན་བྱས་པ།
དུས་མཚུངས་ལས་7.89%འཕར་བ།
ཉིན་ཤས་གོང་གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“མཚོ་བོད་ཚོགས་པ་ཀུང་སི”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། དུས་ཡུན་ཉིན་8(ཟླ་4ཚེས་29ཉིན་ནས་ཟླ་5ཚེས་6ཉིན་བར)ཀྱི“ལྔ་གཅིག” གུང་གསེང་གི་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་བླག་ངང་མཇུག་འགྲིལ་ཞིང་། མཚོ་བོད་ཚོགས་པ་ཀུང་སིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་56.96སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་7.89%འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། “ལྔ་གཅིག”གུང་གསེང་རིང་རྒྱ་ཆེའི་འགྲུལ་པ་བདེ་བླག་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ལས་སྟེགས་12306གི་གྲངས་གཞི་ཆེན་པོའི་ནུས་པ་ཧུར་ཐག་བཏོན་ཏེ། དུས་ཆེན་གྱི་སྔ་གཞུག་ཏུ་མེ་འཁོར་གནས་སྐབས་མང་དུ་གཏོང་བ་དང་དུས་ཆེན་རིང་ཤུགས་འགྲེམས་མེ་འཁོར་མཐུད་སྦྲེལ་གྱི་བསམ་ཕྱོགས་གཞིར་བཟུང་། མེ་འཁོར་གྱི་འཁོར་སྐྱོད་དཔེ་རིས་སྟབས་བསྟུན་ལེགས་སྒྲིག་བྱས་ཏེ་ཤིས་ཨན་དང་། ཁྲེང་ཏུའུ། ཁྲུང་ཆིང་སོགས་འགྲུལ་པ་མང་སར་མེ་འཁོར་མང་དུ་བཏང་ཡོད། དེའི་རིང་རིམ་རྩིས་བརྒྱབ་ན་ཤུགས་འགྲེམས་མེ་འཁོར་80མཐུད་སྦྲེལ་བྱས་པ་དང་མེ་འཁོར་44གནས་སྐབས་མང་དུ་བཏང་བ་རེད།