ཀྲུང་གོ་དང་མཉམ་དུ་འགྲོགས་པ་ནི་གོ་སྐབས་དམ་འཛིན་བྱེད་པ་ཞིག་རེད།
འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཧྲི་ནའེ་ཏེ་གློག་ཤུགས་ཚོགས་པས་གསར་གཏོད་ཀྱི་སྟོབས་ཤུགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་རོགས་ཟླ་དེ་བས་མང་བ་དང་ལག་གདང་སྦྲེལ་ནས་གསར་གཏོད་ཀྱི་ཁེ་སྤོགས་མཉམ་སྤྱོད་ཀྱིས་ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་གོ་སྐབས་མཉམ་དུ་དམ་འཛིན་བྱས་ཡོད།
1987ལོར་ཧྲི་ནའེ་ཏེ་གློག་ཤུགས་ཚོགས་པས་ཐེན་ཅིན་དུ་མ་རྩ་མཉམ་བསྡུས་ཀྱི་བཟོ་གྲྭ་དང་པོ་མེ་ལན་རི་ལན་བཙུགས་པ་རེད། གསར་གཏོད་ཚོགས་པའི་ཁོངས་མི་ཞིག་གི་ངོས་ནས་ང་ཀྲུང་གོའི་ས་གཞིར་སྐྱོད་ཐེངས་དང་པོ་ཡིན།
ལོ་38སོང་རྗེས་ཀྱི་དེ་རིང་། ང་ཡང་གཞོན་ནུ་ཞིག་ནས་ལོ་རྒན་པའི་གྲས་སུ་གྱུར་པ་དང་། ཀྲུང་གོ“འཛམ་གླིང་གི་བཟོ་གྲྭ”ནས“གསར་གཏོད་ཀྱི་མཐོ་ས”བར་འཕེལ་རྒྱས་བྱུང་བ་དང་། “ཁྲོམ་རའི་ཁེ་སྤོགས”ནས“གསར་གཏོད་ཀྱི་ཁེ་སྤོགས”བར་རྒྱ་བསྐྱེད་ཕྱིན་ཡོད། སྟོབས་དང་ལྡན་པའི་མཁོ་སྤྲོད་འཁོར་འབྲེལ་གྱི་རྨང་གཞི་དང་། ཕུན་སུམ་ཚོགས་པའི་གསར་གཏོད་ཀྱི་རྣམ་པ། སྤུས་ལེགས་ཀྱི་ཤེས་ལྡན་པའི་ཐོན་ཁུངས་བཅས་ཀྱིས་མཉམ་དུ་གསར་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་བཏོད་ཡོད། ད་ཆ་གསར་གཏོད་དེ་ཀྲུང་གོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་བཏང་བས་ཐོན་ལས་འཕེལ་རྒྱས་དེ་ནུས་ཆེ་དང་། རིག་ནུས། ལྗང་མདོག་བཅས་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད། གྲངས་འཛིན་ལག་རྩལ་དང་ལྗང་མདོག་ཚན་རྩལ་མཉམ་འདྲེས་བྱེད་པ་དེའང་ཧྲི་ནའེ་ཏེ་གློག་ཤུགས་ཀྱི་ཁྱད་ཆོས་ཤིག་ཡིན། མི་ཐབས་རིག་ནུས་སོགས་སྔོན་ཐོན་གསར་གཏོད་ལག་རྩལ་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱས་པ་བརྒྱུད་ཧྲི་ནའེ་ཏེ་གློག་ཤུགས་ཚོགས་པས་ཀྲུང་གོར་རིག་ནུས་བཟོ་གྲྭ་དང་རིག་ནུས་ཟོག་འགྲེམས་ལྟེ་གནས་18དང་། ཐཱན་མེད་བཟོ་གྲྭ་21 ཀྲུང་གོའི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁས་ལེན་བྱས་པའི་ལྗང་མདོག་བཟོ་གྲྭ་15བཅས་དང་དེ་བཞིན་ཧྲང་ཧའེ་ཡི“སྣེ་ནས་སྣེ་བར་གྱི་སྒྲོན་ལྕོག་བཟོ་གྲྭ”དང་ཝུའུ་ཤིས་ཀྱི“རྒྱུན་མཐུད་ཆོག་པའི་སྒྲོན་ལྕོག་བཟོ་གྲྭ”བཅས་བསྐྲུན་ཡོད། མིག་སྔར། ང་ཚོའི་ལག་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་བཟོ་ལས་དང་། བ་གམ་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད། གྲངས་གཞིའི་ལྟེ་གནས་སོགས་འགག་རྩའི་ཁྱབ་ཁོངས་ལ་རྒྱུན་མཐུད་ངང་མཐུན་རྐྱེན་སྦྱར་ནས་ཐོན་ལས་རིམ་སྤོར་ལ་རམ་འདེགས་བྱེད་བཞིན་ཡོད།
འདི་ལོའི་ཟླ་3པར་ངས་ཀྲུང་གོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ནང་སླར་ཡང་ཞུགས་པ་བརྒྱུད་ཀྲུང་གོའི་ཐོན་ལས་ལས་རིགས་ཀྱིས་སྔོན་ཐོན་ལག་རྩལ་ལ་བརྟེན་པའི་སྒོ་དབྱེ་མཉམ་ལས་ཀྱི་སྙིང་སྟོབས་ཚོར་བྱུང་། གསར་གཏོད་ནི་སྒོ་དབྱེའི་ཁོར་ཡུག་དང་ཤེས་ལྡན་པའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་དང་། ཐོན་ལས་འཁོར་འབྲེལ་གྱི་གོང་འོག་དང་། མཐའ་སྣེའི་འཛད་སྤྱོད་པ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པ་དང་ཁ་འབྲལ་ཐབས་མེད།
ཀྲུང་གོ་དང་མཉམ་དུ་འགྲོགས་པ་ནི་གོ་སྐབས་ཤིག་ཡིན། གསར་གཏོད་དེ་ཁྲོམ་རའི་ཁེ་སྤོགས་གསར་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་ཐོན་ལས་ཀྱི་བཀོད་པའི་ཁྲོད་ཀྲུང་གོའི་ཤུགས་རྐྱེན་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ད་ཆ་ཀྲུང་གོ་ནི་ཧྲི་ནའེ་ཏེ་གློག་ཤུགས་ཚོགས་པའི་གོ་ལ་ཧྲིལ་པོའི་ཁྲོམ་ར་ཆེ་གྲས་གཉིས་པ་དང་ཞིབ་འཇུག་གསར་སྤེལ་རྟེན་གཞི་ཆེ་གྲས་བཞིའི་གྲས་ཤིག་ཏུ་གྱུར་པ་མ་ཟད། ང་ཚོའི་གསར་གཏོད་ཀྱི་འབྱུང་ཁུངས་དང་འཕེལ་རྒྱས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཀྱང་ཡིན། འཕེལ་རྒྱས་གཏོང་རིང་ཧྲི་ནའེ་ཏེ་གློག་ཤུགས་ཚོགས་པ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་དཔང་པོ་བྱེད་མཁན་དང་། དེའི་ནང་ཞུགས་མཁན། ལེགས་སྐྱེས་འབུལ་མཁན་བཅས་ལ་གྱུར་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཧྲི་ནའེ་ཏེ་གློག་ཤུགས་ཚོགས་པས་གསར་གཏོད་ཀྱི་སྟོབས་ཤུགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཀྲུང་གོའི་རོགས་ཟླ་དེ་བས་མང་བ་དང་ལག་གདང་སྦྲེལ་ནས་གསར་གཏོད་ཀྱི་ཁེ་སྤོགས་མཉམ་སྤྱོད་ཀྱིས་ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་གོ་སྐབས་མཉམ་དུ་དམ་འཛིན་བྱེད་ཀྱི་ཡིན།
(རྩོམ་པ་པོ་ནི་ཧྲི་ནའེ་ཏེ་གློག་ཤུགས་ཚོགས་པའི་ཏུང་ཧྲི་ཀྲང་ཡིན་པ)