ནེ་པ་ལས་པར་རིས་འགྲེམས་སྟོན་བྱས་ནས་ནེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ནེ་པ་ལའི་ཅི་ལི་ཅ·ཕུའུ་ལ་ས་ཏེ·ཁེ་དབྱི་ལ་ལའི་དམངས་གཙོ་དང་། ཞི་བདེ། འཕེལ་རྒྱས་བཅས་ཐེབས་རྩ་ལྷན་ཚོགས་ཀྱིས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་རུ་པར་རིས་འགྲེམས་སྟོན་བྱས་ནས་ནེ་པ་ལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།
པར་རིས་འགྲེམས་སྟོན་ཐོག་ནེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་གྱི་དུས་མཚམས་གལ་ཆེན་དང་། མཐོ་རིམ་དབར་ཕན་ཚུན་འཚམས་འདྲི། རིག་གནས་སྤེལ་རེས་བཅས་ཀྱི་པར་རིས་བཅུ་ལྷག་ཙམ་འགྲེམས་སྟོན་བྱས་ནས། “མཛའ་གྲོགས་ཀྱི་རྒྱུན་འཛིན། པར་ཆས་ནང་གི་ནེ་ཀྲུང་འབྲེལ་བའི་ལོ་70”ཞེས་པའི་བརྗོད་དོན་གཙོ་བོ་མངོན་པར་བྱས་ཡོད། ནེ་པ་ལའི་ཙུང་ལི་ཟུར་པ་དང་ནེ་པ་ལའི་ཚོགས་ཆེན་ཏང་གི་ཀྲུའུ་ཞི་ཏེ་ཝུའུ་ཕཱ་དང་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་སུང་གིས་པར་རིས་འགྲེམས་སྟོན་གྱི་དར་ཚོན་བྲེགས་པ་རེད།
ཏེ་ཝུའུ་ཕཱ་ཡིས་ཤིས་ཚིག་སྒྲོན་སྐབས་ནེ་ཀྲུང་གི་འབྲེལ་བ་དེ“འདྲ་མཉམ་དང་། གཉིས་ཕན། ཞི་བདེ་མཉམ་གནས”བཅས་ཀྱི་རྨང་གཞིའི་ཐོག་བཙུགས་ཡོད། ནེ་པ་ལའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་སྐོར། སློབ་གསོ། ཁོར་ཡུག་སྲུང་སྐྱོང་སོགས་ཐད་སྔ་ཕྱི་བར་གསུམ་དུ་ནེ་པ་ལར་རྩ་ཆེའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།