དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་སྡོད་ཁང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱིས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཁག་2090བཏང་བར་དངུལ་བུན་གཏོང་འབོར་སྒོར་དུང་ཕྱུར་11.35ཟིན་པ་དེ་དུས་མཚུངས་ལས་2.95%འཕར་ཡོད། སྲིད་ཇུས་ཀྱི་ཕན་པ་ཐོབ་པར་བརྟེན་ཞིང་ཆེན་ཡོངས་ཀྱི་ས་ཁང་བདག་ཁོངས་ཁྲོམ་རའི་འཕེལ་ཚུལ་བརྟན་པོ་དང་སྐྱོན་བྲལ་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་པའི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་འགན་སྲུང་ནུས་པ་སྔར་བས་ཡག་པོ་ཐོན་ཡོད། སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་ཚད“དམ་འཛིན་བྱ་གཞིར”བྱས་ནས་སྡོད་ཁང་ཉོ་མཁན་ལས་བཟོའི་ཁུར་པོ་ཡང་དུ་བཏང་ཞིང་། སྤྱི་གསོག་མ་དངུལ་ལེན་པའི་སྲིད་ཇུས་ལེགས་སྒྲིག་བྱས་ནས་ས་ཁུལ་ཁག་ཅིག་ཏུ་སྤྱི་གསོག་མ་དངུལ་གསོག་མཁན་ལས་བཟོ་མི་གཅིག་ལ་སྡོད་ཁང་ཐོག་མར་ཉོས་ཚེ་དངུལ་བུན་མང་ཤོས་ལ་སྒོར་ཁྲི་90དང་། བཟའ་ཚོ་གཉིས་ཀ་ལས་བཟོ་ཡིན་ན་སྤྱི་གསོག་མ་དངུལ་ནས་དངུལ་བུན་མང་ཤོས་ལ་སྒོར་ཁྲི་100གཡར་ཆོག་གི་ཡོད། ཕྲུ་གུ་གཉིས་སྐྱེ་མཁན་ནམ་བུ་ཕྲུག་མང་པོ་སྐྱེ་མཁན་ཁྱིམ་ཚང་ལ་དམིགས་ཏེ། མགོ་ལོག་རང་སྐྱོང་ཀྲོའུ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཕུད། དེ་བྱིངས་ཀྱི་གྲོང་ཁྱེར་དང་ཀྲོའུ་རུ་དངུལ་བུན་གཡར་ཚད་མང་ཤོས་ཀྱི་རྨང་གཞིའི་ཐོག་སྒོར་ཁྲི་10ནས་ཁྲི་20བར་རིམ་པ་མི་འདྲ་བ་སྤར་ཡོད།

    དེ་དང་ཆབས་ཅིག་ཏུ་བོགས་གཏོང་ཁང་གླ་སྤྲོད་པར་སྤྱི་གསོག་མ་དངུལ་ལེན་པའི་སྲིད་ཇུས་ཚད་བརྒལ་བྱ་གཞིར་བྱས་ཏེ་ལས་བཟོའི་དོན་དངོས་ཀྱི་དགོས་མཁོ་བསྐངས་ཤིང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ས་ཁུལ་ཁག་གཅིག་ཏུ་སྤྱི་གསོག་མ་དངུལ་ལེན་ཚད་སྒོར་ཁྲི་1.8བར་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་བོད་རིགས་ཀྲོའུ་རུ་བོགས་གཏོང་ཁང་གླ་སྤྲོད་པར་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཚད་སྒོར་ཁྲི་1.68བར། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཚད་སྒོར་ཁྲི་1.44བཅས་སུ་མཐོ་རུ་བཏང་ཡོད། མཚོ་ཤར་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ། མགོ་ལོག་ཀྲོའུ། ཡུལ་ཤུལ་ཀྲོའུ་བཅས་སུ་དེ་སྔར་སྡོད་ཁང་སྤྱི་གསོག་མ་དངུལ་ལོ་རེར་ཐེངས་རེ་ལེན་ཆོག་པ་ནས་ད་ཆ་ལོ་རེར་ཐེངས་མང་པོ་ལེན་ཆོག་པའི་བར་ལེགས་སྒྲིག་བྱས་པ་མ་ཟད། ཕྲུ་གུ་གཉིས་སྐྱེ་མཁན་ནམ་ཡང་ན་བུ་ཕྲུག་མང་བའི་ཁྱིམ་ཚང་ལ་དམིགས་ཏེ། ས་གནས་ཁག་གིས་དངུལ་བུན་གཏོང་ཚད་སྔར་བས་མཐོ་རུ་བཏང་བ་དཔེར་ན། ཟི་ལིང་གྲོང་ཁྱེར་དུ་ཕྲུ་གུ་གཉིས་སྐྱེ་མཁན་ཁྱིམ་ཚང་གིས་ཁང་གླར་སྤྲོད་པའི་སྤྱི་གསོག་མ་དངུལ་ལེན་ཚད་མཐོ་ཤོས་ལ་སྒོར་ཁྲི་2.16དང་། ཕྲུ་གུ་གསུམ་དང་དེ་ཡན་སྐྱེ་མཁན་ཁྱིམ་ཚང་གིས་སྤྱི་གསོག་མ་དངུལ་ལེན་ཚད་མཐོ་ཤོས་ལ་སྒོར་ཁྲི་2.64ཡིན་ལ། མཚོ་ནུབ་ཀྲོའུ་རུ་བུ་ཕྲུག་མང་བའི་ཁྱིམ་ཚང་གིས་བོགས་གཏོང་ཁང་གླར་སྤྲོད་པའི་སྤྱི་གསོག་མ་དངུལ་ལེན་ཚད་ལོ་ལྟར་སྒོར་ཁྲི་3.6བར་མཐོ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།