མི་དམངས་ལ་དད་སེམས་དང་། མི་རིགས་ལ་རེ་བ། རྒྱལ་ཁབ་ལ་སྟོབས་ཤུགས་བཅས་ཡོད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ལྟེ་བའི་རིན་ཐང་ལྟ་བ་ནི་མི་རིགས་ཤིག་གི་རྒྱུན་གནས་ཐུབ་པའི་བསམ་པའི་འབྲེལ་ཐག་ལྟ་བུ་དང་རྒྱལ་ཁབ་ཅིག་གི་ཐུན་མོང་གི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་རེད། གལ་ཏེ་ཐུན་མོང་གི་ལྟེ་བའི་རིན་ཐང་ལྟ་བ་མེད་ན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བླ་སྲོག་གནས་ས་མེད་པ་དང་བྱ་སྤྱོད་ལ་བརྟེན་ས་མེད་པར་འགྱུར་སྲིད” སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་། དར་སྤེལ། ལག་ལེན་བཅས་ཡོང་བར་མཐོང་ཆེན་བྱས་ན་གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་ཐུབ།
ལྟེ་བའི་རིན་ཐང་ལྟ་བ་འཛུགས་པ་ནི་མཐར་གཏུགས་ནས་བརྗོད་ན། མིའི་བསམ་བློ་འཛུགས་སྐྱོང་དང་བླ་སྲོག་འཛུགས་སྐྱོང་བྱེད་པ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་ཡང་དག་པའི་འཇིག་རྟེན་གི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ལ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་མཁན་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱ་རྒྱུ་དེའང་རེད། མི་གསར་དེ་རིགས་ནི་ངེས་པར་དུ་ཆབ་སྲིད་ཀྱི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་གཤིས་རྒྱུད། རིག་གནས་ཀྱི་བྱང་ཚད། བསམ་བློའི་ཁྱེར་སོ་སོགས་ཐད་ཉམས་སད་ཐེག་ཐུབ་པ་ཞིག་ཡིན་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བསྟན་དོན། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། རང་དབང། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་དར་སྤེལ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱེད་དགོས། སྤྱི་དམངས་ཀྱི་ངོས་ནས་བརྗོད་ན། དེའི་ནང་གི་ཆེས་གཏིང་ཟབ་ཤོས་དང་། ཆེས་རྩ་བ། ཆེས་ཡུན་བརྟན་བཅས་ནི་རྒྱལ་གཅེས་རིང་ལུགས་རེད། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་སེམས་པ་དང་མི་རིགས་ཀྱི་བླ་སྲོག་ཡིན་ལ། ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ཡང་རེད། ལོ་རྒྱུས་ཐོག་ཧྲ་ཁྲེ་རྒྱལ་པོ་ཕ་བུ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་ནུབ་ཁུལ་སྲུང་སྐྱོང་བྱས་པ་དང་། ལྕམ་ཧྲེ་ཤང་གིས་མཐའ་སྲུང་སྲ་བརྟན་དུ་བཏང་བ། ལྕམ་ཝ་ཧྲི་ཡིས་རི་པིན་གྱི་མཚོ་ཇག་འགོག་རྒོལ་བྱས་པ། ཐུར་ཧུའུ་ཐེ་པུའུ་ལེ་དབར་ཁྲི་སྟོང་ཆོད་པའི་ཤར་ཕྱོགས་མངའ་འོག་ཏུ་ལོག་པ། ཤིས་པོ་རིགས་ཀྱིས་ལེ་དབར་ཁྲི་སྟོང་གི་མཐའ་མཚམས་བསྲུངས་བ། བོད་རིགས་མི་དམངས་ཀྱིས་དཔའ་ངར་ཆེན་པོས་དབྱིན་ཇིར་འགོག་རྒོལ་བྱས་པ་སོགས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཡོད། ཉེ་རབས་ཚུན་དུ། སྔར་བྱུང་མ་མྱོང་བའི་རྒྱལ་སྟོངས་རྒྱུད་ཆད་ཀྱི་ཉམས་ཉེན་མདུན་དུ། མི་རིགས་ཁག་གི་མི་དམངས་ཀྱིས་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་མཉམ་དུ་འགོག་རྒོལ་དང་། རྒྱལ་ཁབ་ཀྱི་དཀའ་ཉེན་མཉམ་དུ་སེལ་ཆེད་རང་སྲོག་བློས་གཏོང་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཧུའུ་ནན་གྱི་བུ་མོ་བརྒྱད་སྟོང་ཐེན་ཧྲན་དུ་བསྐྱོད་པ་དང་དྭ་ཕྲུག་སུམ་སྟོང་ནང་སོག་ཏུ་བསྐྱོད་པ་སོགས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་རང་བྱུང་གནོད་འཚེ་དང་རིམས་ནད་ཚབས་ཆེན་སོགས་ལ་འགོག་རྒོལ་བྱས་པ་དེ་དག་ཚང་མ་ནི་རྒྱལ་གཅེས་རིང་ལུགས་ལ་གསོན་ཉམས་ལྡན་པའི་འགྲེལ་བཤད་བརྒྱབ་པ་ཤ་སྟག་རེད། རྒྱལ་གཅེས་རིང་ལུགས་འདི་ལྟ་བུ་གནའ་རབས་ནས་བཟུང་། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ནང་བཞུར་བ་དེ་ནི་དོར་མི་ཐུབ་པ་དང་། གཏོར་མི་ཐུབ་པ། རྩ་མེད་དུ་གཏོང་མི་ཐུབ་པ་བཅས་རེད།
སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པར་ངེས་པར་དུ་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཡོངས་ཀྱི་ཀུན་སྤྱོད་ཆུ་ཚད་མཐོ་རུ་གཏོང་དགོས། ལྟེ་བའི་རིན་ཐང་ལྟ་བ་ནི་དོན་དངོས་ཐོག་སྤྱོད་བཟང་ཞིག་ཡིན་ཞིང་། དེ་ནི་མི་སྒེར་གྱི་སྤྱོད་བཟང་ཡིན་ལ། རྒྱལ་ཁབ་ཀྱི་སྤྱོད་བཟང་དང་སྤྱི་ཚོགས་ཀྱི་སྤྱོད་བཟང་ཡང་རེད། རྒྱལ་ཁབ་ལ་མི་དམངས་སྤྱོད་བཟང་མེད་ཚེ་རྒུད། མི་ལ་ཀུན་སྤྱོད་མེད་ན་ཕུང་། ང་ཚོ་ཚང་མས་ཤེས་དཔལ་སྐྱེད་སྲིང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་གསར་གཏོད་བཅས་ཀྱི་བྱེད་སྒོར་གཏིང་ཟབ་ཞུགས་ནས་ངལ་རྩོལ་གྱི་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། ལེགས་སྐྱེས་ཀྱི་སྙིང་སྟོབས། གསར་གཏོད་ཀྱི་སྙིང་སྟོབས། ཧུར་བརྩོན་གྲོན་ཆུང་གི་སྙིང་སྟོབས་སོགས་རྒྱུན་ཆད་མེད་པར་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། ཤེས་དཔལ་གྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཤེས་དཔལ་དེ་ཉིད་དར་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས། མི་ཚང་མས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་དར་སྤེལ་གཏོང་བ་དང་། ཕུགས་བསམ་དད་སེམས་དང་རིན་ཐང་དོན་གཉེར་བརྟན་པོ་བྱས་ཚེ། ང་ཚོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དུས་བཀག་ལྟར་མངོན་འགྱུར་ཐུབ་ངེས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད།