དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་མེ་ཏོག་གིས་བརྗོད་དོན།

    གཞན་ལ་རོགས་རམ་བྱེད་པ་ནི་གོམས་གཤིས་ཤིག་ཡིན་ལ་བདེ་སྐྱིད་ཅིག་དེ་བས་ཀྱང་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-08

    འདི་ནི་མེ་ཏོག་གིས“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”གཟི་བརྗིད་ལག་ཁྱེར་སྟོན་བཞིན་པ། (དཔྱད་གཞིའི་པར་རིས)

    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་དགའ་དབྱེ་གྲོང་ལྷན་གྱི་སྲང་ལམ་དུ་མེ་ཏོག་གིས་དྲག་ཆར་རླུང་འཚུབ་གང་ལའང་མ་འཛེམས་པར་དུད་ཚང་དུ་འདྲི་རྟོག་བྱེད་པར་འགྲོ་བའི་གཟུགས་བརྙན་རྟག་ཏུ་མཐོང་རྒྱུ་ཡོད།

    མེ་ཏོག་ནི་གུང་ཁྲན་ཏང་ཡོན་ཞིག་དང་འབྲི་རུ་གྲོང་རྡལ་དགའ་དབྱེའི་ཚོང་ཁང་དང་པོའི་གཉེར་སྐྱོང་པ་ཞིག་རེད། “རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”དང“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ”སོགས་ཀྱི་མཚན་སྙན་ཐོབ་མྱོང་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ“མི་གཅིག་གིས་ལས་བཟང་ཐེངས་གཅིག་བྱེད་པ་ནི་ཁག་པོ་མིན། ཚེ་གང་ལས་བཟང་བྱེད་པ་དེ་ནི་དངོས་འབྲེལ་ཁག་པོ་རེད”ཅེས་པའི་དད་སེམས་བཅངས་ཏེ་དུས་རྒྱུན་དུ་ནས་གཞན་ལ་ཞབས་འདེགས་ཞུ་བ་དང་། མི་ཧྲེང་རྒན་རྒོན་གྱི་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་པའམ་ཡང་ན། སྡེ་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ནས་སྤྱི་ཕན་བྱ་སྤྱོད་ལ་ཞུགས་པ་གང་ཞིག་ཡིན་རུང་། ཁོང་གིས་རྟག་ཏུ་ཚང་མའི་མདུན་དུ་ཤོར་ནས་ཉེ་འགྲམ་གྱི་མང་ཚོགས་ལ་དྲོ་སྐྱིད་དང་སེམས་ཤུགས་སྦྱིན་གྱི་ཡོད།

    དགའ་དབྱེ་སྡེ་ཁུལ་གྱིས་རོགས་སྐྱོར་བྱེད་སྒོ་ཞིག་སྤེལ་སྐབས། མེ་ཏོག་གིས་ཡུལ་མི་ཞིག་གི་འཚོ་བར་དཀའ་ངལ་ཡོད་པ་ཤེས་རྗེས་འཕྲལ་དུ་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་ཡུལ་མི་དེར་འཚོ་བའི་མཁོ་ཆས་དང་མ་དངུལ་ཐད་ནས་རོགས་རམ་བྱས་པ་རེད། ནག་ཆུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ཀུང་སིས་ལས་གཏོད་བྱེད་རིང་། ཁོང་གིས་བཟའ་ཚང་ཡ་ཆགས་ཀྱི་བུད་མེད་51ཀུང་སིར་བསྡུས་ཏེ་ཁོང་ཚོར་ལག་ཤེས་བསླབས་ནས་ཡོང་འབབ་མང་དུ་གཏོང་རོགས་དང་འཚོ་བ་ལེགས་སུ་བཏང་བ་རེད།

    སེམས་འགུལ་ཐེབས་དགོས་པ་ཞིག་ལ། མེ་ཏོག་གིས་གཞན་ལ་རོགས་སྐྱོར་བྱེད་པ་དེ་བྱ་གཞག་ལ་བརྩི་ཞིང་། ཁོང་གིས“ཁྱིམ་མཚེས་ཕར་རོགས་ཚུར་རོགས་འཆར་གཞི”བཏོན་ནས་དང་བླངས་པ་སྒྲིག་འཛུགས་ཀྱིས་གཞིས་ལུས་བྱིས་པ་དང་ཁང་སྟོང་རྒན་རྒོན་ལ་རྒྱུན་གཏན་ནས་རོགས་སྐྱོར་བྱེད་ཀྱི་ཡོད། ཁོང་གི་བྱ་སྤྱོད་ལས་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པ་མ་ཟད། མི་དེ་བས་མང་བ་སྤྱི་ཕན་དཔུང་ཁག་ནང་ཞུགས་རྒྱུར་སྐུལ་སློང་ཡང་བྱས་ཡོད།

    འབྲི་རུ་རྫོང་དུ། དབུལ་སྐྱོར་དཀའ་སེལ་དང་སྡེ་ཁུལ་འཛུགས་སྐྲུན་སོགས་སྤྱི་ཕན་བྱེད་སྒོ་སྣ་ཚོགས་ལ་རྟག་ཏུ་མེ་ཏོག་གི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། གྲོང་ཚོའི་བཟའ་ཚང་ཡ་ཆགས་ཀྱི་བུད་མེད་དང་། འགན་ལེན་ལྔའི་དུད་ཚང་། དཀའ་ངལ་ཡོད་པའི་མང་ཚོགས་སོགས་ཀྱི་འཚོ་བར་དཀའ་ངལ་འཕྲད་སྐབས་ཁོང་གིས་རྟག་ཏུ་སྐད་གྲགས་ཅི་ཡང་མེད་པར་དྲོད་སྲུང་གྱོན་ཆས་དང་། འཚོ་བའི་མཁོ་ཆས། འཚམས་འདྲིའི་དངུལ་སོགས་སྐྱེལ་གྱི་ཡོད།

    མེ་ཏོག་གིས་བུད་མེད་མང་ཚོགས་ལ་སེམས་ཁུར་དང་གྲོང་ཚོ་ཡོངས་ཀྱི་བུད་མེད་ལ་གང་ཐུབ་ཅི་ཐུབ་ཀྱིས་ཞབས་འདེགས་ཞུ་བ་དེས་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་བུད་མེད་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཞིག་ཆགས་པ་དང་། ཁོང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ“སྒོ་ར་མཛེས། འཚོ་བ་ཕྱུག ཁྱིམ་སྲོལ་བཟང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་སྤེལ་བ་རེད། ཁོམ་ལོང་ཡོད་དུས། ཁོང་གིས་དུད་ཚང་རེ་རེ་བཞིན་ལ“བུད་མེད་ཀྱི་སྐྲན་ནད་རིགས་གཉིས”རིན་པ་མི་དགོས་པར་བརྟག་དཔྱད་ཆོག་པའི་དྲིལ་བསྒྲགས་ཤོག་ལྷེ་སྤྲད་དེ་མང་ཚོགས་ལ“བུད་མེད་ཀྱི་སྐྲན་ནད་རིགས་གཉིས”ཀྱི་འགན་བཅོལ་སྲིད་ཇུས་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད།

    མེ་ཏོག་གནས་སའི་དགའ་དབྱེ་གྲོང་ལྷན་དུ་མང་ཆེ་བ་གནས་སྤོས་དུད་ཚང་ཡིན་པ་དང་ཡུལ་མི་ཚོར་རེ་ཞུ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་པ་རེད། གཞི་རིམ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་མེ་ཏོག་གིས་ནམ་ཞག་རྒྱུན་དུ་གྲོང་ལྷན་གྱི་འཕེལ་རྒྱས་ལ་བསམ་བློ་གཏོང་བ་དང་དཔེ་བཟང་མིག་དཔེའི་ནུས་པ་བཏོན་ནས་མང་ཚོགས་ཀྱི་བསམ་འཆར་དང་སེལ་དགོས་པའི་གནད་དོན་བསྡུ་རུབ་བྱེད་ཀྱི་ཡོད། གནས་སྤོས་དུད་ཚང་གི་ལས་ཞུགས་གནད་དོན་དང་། ཕྲུ་གུའི་སློབ་གྲྭ་འགྲིམ་པའི་གནད་དོན། གྲོང་ཚོའི་ལམ་བུ་བདེ་རུ་གཏོང་བའི་ལས་གྲྭ་སོགས་ཀྱི་ཐད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་བསམ་འཆར་500ལྷག་ཙམ་བསྡུ་རུབ་བྱས་པ་ནས་160ལྷག་ཙམ་གོང་རིམ་ལ་ཞུས་ཏེ་མང་ཚོགས་ཀྱི“སྙིང་ཉེ་བ”དང“མགྲིན་ཚབ་པ”ཧུར་ཐག་བྱས་པ་རེད།

    “ཉེ་འགྲམ་གྱི་དོན་ཆུང་ཡག་པོ་བསྒྲུབས་ཏེ་འཁུར་འོས་པའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས”ཞེས་པ་འདི་ནི་མེ་ཏོག་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ལས་ཀའི་རྩ་དོན་རེད། ཁོང་གིས་རྟག་ཏུ“ཆུང་དུས་དཀའ་སྡུག་མྱངས་མྱོང་བས་འཚོ་བ་ལས་སླ་པོ་མིན་པ་ཤེས་ཀྱི་འདུག དེར་བརྟེན་ད་ཆ་ནུས་པས་ལྕོགས་ཚོད་ཀྱིས་གཞན་ལ་རོགས་རམ་བྱེད་འདོད”ཅེས་ཤོད་ཀྱི་ཡོད། དེ་ལྟར་ཁོང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།

    མི་སེར་དཀྱུས་མ་ནས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་བར། མེ་ཏོག་གིས་ཐོག་མཐའ་བར་གསུམ་དུ་རང་སེམས་བརྟན་པོར་བསྲུངས་ཡོད། མེ་ཏོག་གིས་སྣེ་ཁྲིད་སྐུལ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་བཏོན་ཏེ་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་བ་དང་། ཁོང་གིས། “འགན་འཁྲི་འཁུར་ཐུབ་པ་དང་། ནམ་ཡང་ཧུར་སེམས་ཡོད་པ། ལས་འགན་རྟག་ཏུ་སྒྲུབ་ཕོད་པ”བཅས་ཀྱི་ཏང་ཡོན་ཞིག་བྱས་ཏེ་བློ་སྟོབས་བརྟན་པོ་དང་བྱ་སྤྱོད་ངོ་མའི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དོན་འཁྱོལ་བྱེད་པ་དང་སྦྲགས་དོན་དག་ཆུང་ཙག་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་རོགས་རམ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།