དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མོ་ཚི་ལ་གློག་འཕྲིན་བཏང་ནས་ཁོང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུ་ལི་ཏེ་ལི་ཞི·མོ་ཚི་ལ་གློག་འཕྲིན་བཏང་ནས་ཁོང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་འཇར་རྒྱལ་ཁབ་གཉིས་པོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་53སོང་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་དང་འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་པའི་མཉམ་གནས་ཀྱི་ལམ་བུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་མཉམ་ལས་ལམ་བུར་བསྐྱོད་པས། ལག་གདང་སྦྲེལ་ནས་ཕན་ཚུན་གྲུབ་འབྲས་གཏོད་མཁན་གྱི་རོགས་ཟླ་ཡག་པོ་ཞིག་ཏུ་གྱུར་ཏེ་ཆུ་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་ནས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་ལྡོག་ནས་ཐོན་བཞིན་ཡོད་མོད། འོན་ཀྱང་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ནི་སྔར་བཞིན་མི་ཡུལ་གྱི་བདེན་ལམ་དང་འགོག་ཐབས་བྲལ་བའི་དུས་རབས་ཀྱི་རླབས་རྒྱུན་ཞིག་རེད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་གསུམ་པ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་དྲང་གཞག་དྲང་བདེན་བརྟན་སྲུང་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚད་གཏིང་ཟབ་ཏུ་གཏོང་བ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལག་གདང་སྦྲེལ་ནས་དྲག་ཆར་རླུང་འཚུབ་འགོག་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ངས་ཀྲུང་འཇར་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཙུང་ལི་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་རྣམ་པ་གསར་པ་གཏོད་པ། ཀྲུང་ཡོའི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བཅས་བྱས་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

    ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་ཚི་ལ་གློག་འཕྲིན་བཏང་ནས་ཁོང་འཇར་མན་གྱི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ་ཀྲུང་འཇར་རྒྱལ་ཁབ་གཉིས་པོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་དང་མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ཡོད། འདྲ་མཉམ་གཉིས་ཕན་དང་མཉམ་ལས་གཉིས་ཕན་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་ལ། ཀྲུང་འཇར་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཀྱང་ཡིན་པས་ཕྱོགས་གཉིས་པོས་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་དང་དར་སྤེལ་གཏོང་རིན་ཡོད། ངས་ཁྱེད་དང་ལས་ཀའི་འབྲེལ་བ་བཟང་པོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། བསམ་ཤེས་ཟབ་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ནས། ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།