ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས།
ཟླ་5ཚེས་4ཉིན། ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཤིས་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ཞིག་ཏུ་སྤྲོ་གསེང་གྲུ་གཟིངས་ཤིག་མགོ་རྟིང་ལོག་པའི་ལས་འཛོལ་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་སྟེ“ཐབས་ནུས་ཡོད་རྒུ་བཏོན་ནས་ཆུར་ལྷུངས་པའི་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་དགོས་པ”དང་། “ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས་པ” “བདེ་འཇགས་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་བདེ་འཇགས་ལས་འཛོལ་ཆེན་པོ་དང་ཚབས་ཆེན་ཐོན་མང་བའི་གནས་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས”ཞེས་གསུངས་ཡོད།
བདེ་འཇགས་ཀྱི་གནད་དོན་རིགས་དུས་ནམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་། ལས་འཛོལ་ཐོན་རྐྱེན་ཡང་ལྷོད་གཡེང་གི་བསམ་བློ་དང་འགན་འཁྲི་ནན་པོ་མ་ཁུར་བ་དང་འབྲེལ་བ་ཡོད། ས་ཁུལ་དང་སྡེ་ཚན་ཁག་དང་ཕྱོགས་ཁག་གིས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་དང་བདེ་འཇགས་དོ་དམ་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་འགན་སྲུང་ཏན་ཏིག་བྱེད་དགོས།
བདེ་འཇགས་ཀྱི་ལྷུ་ཚིགས་ཚང་མ་ནི་འཕྲལ་སྡོམ་གྱི་དུམ་ཚན་ཞིག་རེད་ལ། འགོག་ཟོན་གྱི་སྦྲེལ་ཚིགས་ཀྱང་རེད། མཐའ་ཚད་ཀྱི་བསམ་གཞིགས་དང་བརྒྱུད་རིམ་ལྡན་པའི་བསམ་གཞིགས་མཐའ་འཁྱོངས་བྱས་ཏེ། ཆ་འཕྲིན་འབྲེལ་མཐུད་དང་། ཉེན་ཁ་མཉམ་འགོག གནད་དོན་མཉམ་བཅོས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་ནུས་ཤུགས་ཡོད་རྒུས་སེལ་དགོས།
བདེ་འཇགས་ནི་དོན་ཆུང་མིན། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་དེ“དོན་དག་ཚང་མ་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་ལ་བསྒྱུར་ཏེ། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་ཏན་ཏིག་བྱེད་དགོས།