མཐོ་སློབ་80ལྷག་ཙམ་དུ་ནུས་གསོག་གི་དངོས་ཚན་ཆེད་ལས་བཙུགས་པ།
ནུས་གསོག་གསར་པ་ནི“རིམ་འདས་གློག་གསོག་འབོ”དང་འདྲ་བར་གློག་ཤུགས་འཁོར་རྒྱུག་ཁྲོད་རྩེ་སྙོམས་དང་། འགུལ་ཚད་ལེགས་སྒྲིག གནོན་ཤུགས་སྙོམས་སྒྲིག་བཅས་ཐུབ་པས། ནུས་རྒྱུ་གསར་པ་གསར་སྤེལ་དང་འདྲེན་སྤྱོད་ལ་སྐུལ་འདེད་དང་། གློག་ཤུགས་མ་ལག་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་ལ་འགན་ལེན་བྱེད་པར་ནུས་པ་གལ་ཆེན་ཐོན་ཐུབ། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ནུས་གསོག་གསར་པ་འཕེལ་རྒྱས་མྱུར་པོ་བྱུང་ནས་ལག་རྩལ་སྤྱིར་ན་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་ལ་སླེབས་ཡོད། 2024ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་སུ་ནུས་གསོག་རྣམ་གྲངས་གསར་པ་སྒྲིག་སྦྱོར་ཟིན་ནས་སྤྱོད་འགོ་ཚུགས་པའི་འཕྲུལ་འཁོར་ནས་གློག་གཏོང་བའི་གཞི་ཁྱོན་ཆན་ཝ་ཁྲི་7376དང་ཆུ་ཚོད་ཆན་ཝ་དུང་ཕྱུར་1.68ཟིན་ནས་ཧ་ལམ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཀྱི་ལྡབ་20ཙམ་ཟིན་ཞིང་། 2023ལོའི་ལོ་མཇུག་ལས་130%ལྷག་ཙམ་འཕར་ཡོད།
ནུས་གསོག་གསར་པའི་བཀོད་པ་སྟབས་བདེ་བ་དང་། འཛུགས་སྐྲུན་གྱི་དུས་ཡུན་ཐུང་བ། སྤྱོད་ཡུལ་རྒྱ་ཆེ་བ་བཅས་ཡོད་པས། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་2000ཙམ་བྱ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་པ་མ་ཟད། ཐོན་ལས་ཚོ་འདུས་གཏོད་པར་སྐུལ་མ་ཐེབས་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ལྗང་མདོག་གི་སྒུལ་ནུས་གསར་པར་གྱུར་ཡོད། དེ་ཙམ་མ་ཟད། ནུས་གསོག་གསར་པའི་ཚན་རྩལ་གྱི་འདུས་ཚད་མཐོ་བ་དང་། ཐོན་ལས་འཁོར་འབྲེལ་རིང་བ། འབྲེལ་ཡོད་ཀྱི་ལྷུ་ཚིགས་མང་བ་བཅས་ཡོད་པས། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་གསར་གཏོད་རྣམ་པའི་ཁེ་ལས་མང་པོ་སྐྱེད་སྲིང་ཐུབ་པ་མ་ཟད། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་སྐུལ་མ་ཐེབས་ནས་འབྲེལ་ཡོད་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སྐུལ་ཁྲིད་ཀྱང་ཐུབ་ཡོད། མིག་སྔར། རང་རྒྱལ་གྱི་མཐོ་སློབ་80ལྷག་ཙམ་དུ་ནུས་གསོག་གི་དངོས་ཚན་ཆེད་ལས་བཙུགས་པ་དང་། སྟོབས་ཤུགས་སྤུས་ལེགས་བསྡུ་སྒྲིལ་བྱས་ནས་ནུས་གསོག་གི་ཐོན་སློབ་མཉམ་འདྲེས་ལས་སྟེགས་7བཙུགས་ཏེ། གསར་གཏོད་ཀྱི་འཇོན་ཐང་ཆེ་ཞིང་རྒྱལ་སྤྱིའི་མཐོང་རྒྱ་ལྡན་ལ། ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བར་ཁྲིད་སྟོན་ཐུབ་པའི་སྣེ་འདྲེན་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད།