རྒྱལ་ཡོངས་ཚན་རྩལ་ཁང་གིས“ལྔ་གཅིག”གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གསར་འགོད་པར་ཀྲུང་གོ་ཚན་རྩལ་ཁང་ནས་ཤེས་རྟོགས་བྱུང་བར།“ལྔ་གཅིག”གུང་གསེང་རིང་ས་གནས་ཁག་གི་ཚན་རྩལ་ཁང་གིས“གསར་གཏོད་གསར་བཟོའི་ཆེད་དུ་བསྔགས་སྐུལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དབྱིངས་ཞུགས་རྣམ་པའི་འགྲེམས་སྟོན་དང་། མཉམ་འགུལ་ཚོད་ལྟ། གསར་གཏོད་པའི་བཟོ་ཁང་སོགས་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ནས་གསར་གཏོད་གྲུབ་འབྲས་དེ་ཚོད་ལྟ་ཁང་ནས་མང་ཚོགས་ཀྱི་འཚོ་བའི་ནང་ཁྱབ་པར་བྱས་ཡོད། ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། རྒྱལ་ཡོངས་ཚན་རྩལ་ཁང་གིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།
དེའི་ནང་ཧོ་ནན་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཁང་35ཡིས་དམངས་ཚོགས་མི་ཐེངས་ཁྲི་42ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཚན་རྩལ་ཁང་གི་སྒོ་ཕྱེ་ཚད་དང་སྤྱི་དམངས་ལ་ཞབས་འདེགས་ཞུ་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་དང་། ལེའོ་ཉིང་ཞིང་ཆེན་ཚན་རྩལ་ཁང་གིས་ལྟ་སྐོར་བ་མི་ཐེངས་ཁྲི་19.02བསུས་པ་དང་ཧྲེན་དབྱང་གྲོང་ཁྱེར་ཕྱིའི་ལྟ་སྐོར་བས་བཟུང་བའི་བསྡུར་ཚད་བཅུ་ཆ་དགུ་ལས་བརྒལ་བ། ཤིན་ཅང་ཚན་རྩལ་ཁང་དུ་ཉིན་གཅིག་ལ་འགྲུལ་པ་མང་ཤོས་མི་ཐེངས་ཁྲི་1.4ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་སོགས། ཚན་རིག་ཁྱབ་གདལ་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་ནས་དམངས་ཡོངས་ཀྱི་གསར་གཏོད་སྤྲོ་སེམས་དང་གསོན་ཤུགས་གང་ལེགས་མངོན་ཡོད།