དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་པོའི་ངང་ལེགས་ཕྱོགས་སུ་འགྲོ་བར་ཁྲིད་སྟོན་བྱེད་པ།
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་7ནས་ཚེས་10ཉིན་བར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་འབྲེལ་མོ་སི་ཁོར་འཚོག་རྒྱུའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་རེད། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་རྒྱལ་སྤྱིའི་སྒྲིག་ལམ་ལེགས་སྒྲིག་གཏིང་ཟབ་བྱས་པས། དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་འོག་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་ལེགས་ཕྱོགས་སུ་ཕྱིན་ནས་དུས་གཏན་དུ་ཁྱིམ་མཚེས་ཀྱི་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་བཅས་ཀྱི་ཁྱད་ཆོས་མངོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་འདིས་ཀྲུང་ཨུའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཡང་དག་པའི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་དར་སྤེལ་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་ཐུབ་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྐྱེས་སུ་འབུལ་ཐུབ་རྒྱུ་རེད།
གཙོ་བདག་གིས་སྣེ་ཁྲིད་གནང་བ་ནི་ཀྲུང་ཨུའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཁོར་སྐྱོད་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་དང་རྩ་བའི་འགན་སྲུང་ཞིག་རེད། ད་རེས་ཀྱི་འཚམས་འདྲི་ནི་2013ལོ་ཚུན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་ཐེངས་བཅུ་གཅིག་པ་དེ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་ལོ་ཞལ་འཛོམས་ཐེངས་དང་པོ་གནང་ནས་དུས་བབ་གསར་པའི་འོག་ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་འཐབ་ཇུས་ཀྱི་འབྲེལ་གཏུག་གནང་རྒྱུ་རེད། ན་ནིང་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞལ་འཛོམས་ཐེངས་གསུམ་གནང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་ཡོང་བར་ཐུན་མོང་ཐོག་སྣེ་ཁྲིད་གནང་ཡོད། འདི་ལོ་ཚུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་དང་ཞལ་པར་བསྐྱོན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འཐབ་ཇུས་ཀྱི་འབྲེལ་གཏུག་གཏིང་ཟབ་གནང་སྟེ་འགག་རྩའི་དུས་སྐབས་སུ་ཀྲུང་ཨུའི་འབྲེལ་བར་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད། ཀྲུང་གོ་དང་ཨུ་རུ་སུས་མནའ་འབྲེལ་དུ་མི་ཞུགས་པ་དང་། འགྲན་རྒོལ་དུ་མི་ལངས་པ། ཕྱོགས་གསུམ་པར་མི་དམིགས་པ་བཅས་ཀྱི་འབྲེལ་འདྲིས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་ཞིག་གི་མདུན་གྲལ་དུ་ལངས་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་ཞིག་བཏོད་པ་དེ་ནི་ཟང་ཟིང་ཆེ་བའི་འཛམ་གླིང་ཁྲོད་ཀྱི་རྒྱུན་འཇགས་ཚད་གཞི་ཞིག་རེད།
ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་གཉིས་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་རང་སོ་སོའི་མི་རིགས་འཇིག་པ་ལས་སྐྱོབ་པ་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ཆེད་བློས་གཏོང་ཆེན་པོ་བྱས་ནས་ལོ་རྒྱུས་ཀྱི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་ཨུ་ཕྱོགས་གཉིས་དབར་ཐུན་མོང་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་འཆང་བ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཡང་དག་པའི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་དར་སྤེལ་གཏོང་བ། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་ལ་ངོས་འཛིན་གཅིག་མཐུན་བྱུང་བ་རེད། 2015ལོར་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་གདན་ཞུས་ལྟར་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་གནང་བ་དེ་ནི་ཀྲུང་ཨུས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བར་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་རེད།
ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་ཡང་རེད། ཀྲུང་ཨུ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འཛུགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་པའི་ཐད་དམིགས་བསལ་གྱི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་ཁུར་ཡོད། ཀྲུང་ཨུ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཉམ་ལས་དམ་ཟབ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་མཐུན་སྒྲིལ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན། ཕྱོགས་རྐྱང་རིང་ལུགས་དང་བཙན་ཤེད་བྱེད་སྤྱོད་ལ་དར་ཆ་གསལ་སྟོན་གྱིས་ངོ་རྒོལ་བཅས་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།
ཀྲུང་ཨུ་ནི་ནམ་ཡང་འགྱུར་བ་གཏོང་ཐབས་མེད་པའི་ཁྱིམ་མཚེས་བཟང་པོ་ཞིག་ཡིན་ལ། སྐྱིད་སྡུག་མཉམ་མྱོང་དང་། ཕན་ཚུན་རྒྱབ་སྐྱོར། ཐུན་མོང་འཕེལ་རྒྱས་བཅས་བྱེད་པའི་གྲོགས་པོ་ངོ་མ་ཞིག་ཀྱང་ཡིན། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་ཐོག་ཀྲུང་ཨུ་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་སོགས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་གི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུ་རེད།