དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ཀྱི་གནས་རི་དང་བླ་མཚོར་གནས་སྐོར་ལ་ཡོང་རྒྱུ་ད་ལོའི་དབྱར་ཁར་སླར་གསོ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-05-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་ལྟར་རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ཀྱི་གནས་རི་དང་བླ་མཚོར་གནས་སྐོར་ལ་ཡོང་རྒྱུ་ད་ལོའི་དབྱར་ཁར་སླར་གསོ་བྱ་རྒྱུ་དང་། མིག་སྔར་ཕྱོགས་གཉིས་པོས་འབྲེལ་ཡོད་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།

    གསར་འགོད་པ་ཞིག་གིས། ཉེ་ཆར། རྒྱ་གར་གྱི་ཕྱི་འབྲེལ་པུས་སྤྱི་བསྒྲགས་སྤེལ་ནས་རྒྱ་གར་ཕྱོགས་ཀྱིས་ད་ལོའི་ཟླ་6པ་ནས་8པའི་བར་རྒྱ་གར་གྱི་གནས་མཇལ་བ་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་བོད་ཀྱི་གནས་རི་དང་བླ་མཚོར་གནས་སྐོར་ལ་བསྐྱོད་རྒྱུ་རེད་ཅེས་བརྗོད་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ཀྱི་གནས་རི་དང་བླ་མཚོར་གནས་སྐོར་ལ་བསྐྱོད་རྒྱུ་སླར་གསོ་བྱེད་པར་མོས་མཐུན་བྱེད་ལུགས་མཚོན་ཡོད་དམ། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    ཀུའོ་ཅ་ཁུན་གྱིས“རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ཀྱི་གནས་རི་དང་བླ་མཚོར་གནས་སྐོར་ལ་བསྐྱོད་རྒྱུ་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ནང་དོན་གལ་ཆེན་ཞིག་རེད”ཀྲུང་གོའི་བོད་རང་སྐྱོང་ལྗོངས་སུ་ཡོད་པའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནི་བོད་རྒྱུད་ནང་བསྟན་དང་རྒྱ་གར་གྱི་ཆོས་ལུགས་ཚུད་པའི་ཆོས་དད་པ་མང་པོའི་སེམས་དབུས་ཀྱི“གནས་རི་དང་བླ་མཚོ”ཞིག་རེད། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་དབར་གྱི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ་ལྟར་རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ཀྱི་གནས་རི་དང་བླ་མཚོར་གནས་སྐོར་ལ་ཡོང་རྒྱུ་དེ་ད་ལོའི་དབྱར་ཁར་སླར་གསོ་བྱ་རྒྱུ་དང་། མིག་སྔར་ཕྱོགས་གཉིས་པོས་འབྲེལ་ཡོད་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།

    ཀུའོ་ཅ་ཁུན་གྱིས“ད་ལོ་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་གཅིག་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་གི་ལམ་བུའི་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།