“ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས”
—— ཁམ་ཕུ་ཁྲེའི་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཉེ་ཀྲན་ཏ་ལིར་བཅར་འདྲི་བྱས་པའི་སྐོར་བཀོད་པ།
“ང་ཀྲུང་གོར་འཚམས་འདྲིར་ཐེངས་མང་འགྲོ་མྱོང་། ལྷག་པར་དུ་གྲོང་ཁྱེར་གྱི་འཆར་འགོད་དང་ཚན་རྩལ་ཡར་ཐོན་སོགས་ཐད་ཡོང་ཐེངས་རེར་འགྱུར་ལྡོག་གསར་པ་རེ་མཐོང་གི་འདུག”ཉེ་ཆར་ཁམ་ཕུ་ཁྲེའི་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཉེ་ཀྲན་ཏ་ལིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་འཕེལ་རྒྱས་ཀྱིས་རང་ངོས་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་རྩ་བསྐྲུན་པ་མ་ཟད། ཁམ་ཕུ་ཁྲེ་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་ལའང་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་བརྗོད།
ཉེ་ཀྲན་ཏ་ལི་ནི་ཀྲུང་གོར་ཧ་ཅང་དགའ་མོས་འཕེལ་མཁན་ཞིག་ཡིན་པས་ལོ་མང་རིང་ཀྲུང་གོའི་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས། འཕེལ་རིམ་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱེད་ཀྱི་ཡོད། ཁོང་གི་དཔེ་སྒྲོམ་ཐོག་ཀྲུང་གོའི་སྐོར་གྱི་དཔེ་དེབ་མང་པོ་ཡོད། ཉེ་ཀྲན་ཏ་ལིས་གསར་འགོད་པར“ཀྲུང་གོའི་སྐོར་གྱི་དཔེ་དེབ་མང་པོ་ཞིག་ངས་ཁམ་ཕུ་ཁྲེའི་ཡི་གེར་བསྒྱུར་པ་ཡིན”ཞེས་བཤད། ཁོང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་པ་དང་ཁམ་ཕུ་ཁྲེའི་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁྲི་ནི་ཉམས་མྱོང་དེ་དག་ལེགས་སྒྲིག་དང་ཞིབ་འཇུག་བྱེད་པ་དང་འབྲེལ་ཁམ་ཕུ་ཁྲེའི་དམངས་ཚོགས་ཀྱིས་གོ་བ་ལེན་ཐུབ་པ་དང་བེད་སྤྱོད་ཐུབ་པའི་བྱ་ཐབས་ཐོག་ནས་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཀྲུང་གོའི་གྲོང་ཁྱེར་གང་དག་ལ་འགྲོ་མྱོང་བའི་སྐོར་འདྲི་སྐབས། ཉེ་ཀྲན་ཏ་ལིས“ཁྱེད་ནས་ང་ད་དུང་ཀྲུང་གོའི་གྲོང་ཁྱེར་གང་དག་ལ་འགྲོ་མ་མྱོང་བའི་སྐོར་དྲིས་དང”ཞེས་དགོད་བཞིན་བརྗོད། ཁོང་གིས་ཀྲུང་གོའི་འཕེལ་རྒྱས་ལ་གསོན་ཤུགས་ཀྱིས་ཁེངས་པ་མ་ཟད། ཐོག་མཐའ་བར་གསུམ་དུ་མདུན་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་ཕྱིན་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས། མི་རྣམས་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཡར་རྒྱས་ཕྱིན་པ་དངོས་འབྲེལ་ཚོར་གྱི་ཡོད། དབྱར་མཚོ་རྒྱས་པ་ལྟ་བུའི་ཡར་རྒྱས་ཀྱི་འཕེལ་ཕྱོགས་དེ་རིགས་ཀྱིས་ངས་ཀྲུང་གོའི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། ཚན་རྩལ་སོགས་ཁྱབ་ཁོངས་ཚུད་པའི་མཉམ་ལས་ཀྱི་གྲོས་མཐུན་མང་པོར་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་དང་། ཉོ་ཚོང་། མི་ཆོས་རིག་གནས་སྤེལ་རེས་སོགས་ཀྱི་མཉམ་ལས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། “ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་གྲོགས་ཟབ་མོ་དེ་འཁྲུག་ཆ་ཆེ་བའི་དེང་རབས་ཀྱི་ཤན་ལིའི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་དང་། ཡངས་ཤིང་ཁོད་སྙོམས་པའི་ཅིན་ཀང་མྱུར་བགྲོད་གཞུང་ལམ། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ཤིས་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ། གློག་མཁོ་འདོན་བརྟན་པོ་ཡོད་པའི་སང་ཧོ་གཙང་པོའི་རིམ་གཉིས་ཆུ་ཤུགས་གློག་ཁང་བཅས་སུ་མངོན་བཞིན་ཡོད”ཅེས་ཉེ་ཀྲན་ཏ་ལིས་བརྗོད།
ཉེ་ཀྲན་ཏ་ལིས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཉམ་ལས་ཀྱི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། “ཁམ་ཕུ་ཁྲེ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པར། རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་རིམ་སྤོར་ཐད་གོམ་སྟབས་མགྱོགས་པོ་སྤོ་དགོས་པ་མ་ཟད། ཤེས་ལྡན་པ་གསོ་སྐྱོང་ལ་དེ་བས་སྣང་ཆེན་བྱས་ནས་དཔལ་འབྱོར་སྣ་མང་ཅན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས” ཁོང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོས་མཁོ་འདོན་བྱས་པའི་སློབ་སྦྱོང་དང་གསོ་སྦྱོང་གི་གོ་སྐབས་ལས་ཁམ་ཕུ་ཁྲེའི་སློབ་མ་དེ་བས་མང་བར་ཕན་པ་ཐོབ་ནས། ཁོང་ཚོས་མི་སྒེར་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཤེས་ལྡན་པའི་རྨང་གཞི་དེ་བས་བརྟན་པོ་ཞིག་བཏིང་ཡོད་ཅེས་བརྗོད།
ཁོང་གིས“ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པས། ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་བྱས་ནས་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས”ཞེས་བརྗོད།