དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་ལ་འགོ་ཚུགས་བཀྲ་ཤིས་བྱུང་བ།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་312.74ཟིན་པ་དེ་དུས་མཚུངས་ལས་7.6%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-07

    2025ལོའི་དུས་ཚིགས་དང་པོའི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་གྲངས་གཞི་ཉེ་དུས་ཡོངས་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་312.74ཟིན་ནས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་བསྡོམས་འབོར་གྱི་43.6%བཟུང་བ་དང་། བསྡུར་གཞི་ཡོད་པའི་རིན་གོང་ནས་རྩིས་བརྒྱབ་ཚེ་དུས་མཚུངས་ལས་7.6%འཕར་ཡོད་པ་རེད།

    བཟོ་ལས་དང་། མ་འཇོག འཛད་སྤྱོད་བཅས་སྒུལ་ཤུགས་ཆེན་པོ་གསུམ་མཐུན་སྦྱོར་ངང་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་བཏོད་ཅིང་། བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་ཨང་དང་པོར་སླེབས་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་18.2%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་3གྱིས་མཐོ་རུ་ཕྱིན་ཡོད། གཏན་འཇགས་རྒྱུ་ནོར་མ་འཇོག་འཕར་ཚད་30.9%ཡི་མཐོ་གནས་ཐོག་ནས་འཁོར་སྐྱོད་བྱས་པ་དང་། དེའི་ནང་ཐོན་ལས་གཉིས་པའི་མ་འཇོག་མངོན་ཚུལ་མངོན་གསལ་དོད་པ་དང་དུས་མཚུངས་ལས་52.5%འཕར་ཡོད། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་ནས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་125.62ཟིན་པ་དེ་དུས་མཚུངས་ལས་11.6%འཕར་བ་དང་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། བཟའ་བཏུང་ཡོང་འབབ་འཕར་ཚད་ཚོང་ཟོག་སིལ་ཚོང་ལས་བརྒྱ་ཆའི་གྲངས་2.3གྱིས་མཐོ་བ་ཡོད་པ་རེད།

    ཐོན་ལས་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་མངོན་གསལ་དོད་ཅིང་། ཐོན་ལས་གཉིས་པའི་འཕར་ཚད་10.5%ཟིན་ནས་འཕར་ཚད་ཀྱི་གཙོ་ཤུགས་སུ་གྱུར་པ་དང་འཕར་ཐང་སྒོར་དུང་ཕྱུར་127.42%ཟིན་ཡོད། ཐོན་ལས་གསུམ་པའི་གཞི་ཁྱོན་གྱི་ལེགས་ཆ་རྒྱུན་འཁྱོངས་ཐུབ་སྟེ་འཕར་ཐང་སྒོར་དུང་ཕྱུར་182.16ཟིན་ནས་GDPསྤྱི་འབོར་གྱི་བཅུ་ཆ་དྲུག་བཟུང་ཡོད། ཞིང་ལས་དེང་རབས་ཅན་གྱི་ཕན་འབྲས་མངོན་གསལ་དོད་པ་དང་། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.98ཟིན་ནས་དུས་མཚུངས་ལས་14.1%འཕར་བ་དང་སྤྱི་འབོར་དང་དེ་བཞིན་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།