མ་གནས་མཐོ་ཤོས་ནས་འཕེལ་རྒྱས་ཡག་ཤོས་བར་གྱི་འགྱུར་ལྡོག
—— བོད་ཀྱི་ཚོང་གཉེར་ཁོར་ཡུག་རིམ་སྤོར་བྱས་ནས་དམངས་གཉེར་དཔལ་འབྱོར་ལེགས་ཕྱོགས་སུ་སྐུལ་སྤེལ་བཏང་བ།
དུས་ཡུན་རིང་པོའི་ནང་། ཟོག་འགྲེམས་མ་གནས་དང་ལས་མིའི་མ་གནས་མཐོ་བ་ནི་བོད་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་བར་ཚོད་འཛིན་བཟོ་བའི་འགག་རྩའི་དཀའ་གནད་ཅིག་ཡིན་མོད། འོན་ཀྱང་བོད་ལྗོངས་ཙོན་ཡོན་ཚན་རྩལ་གྱི་འགན་འཁུར་བ་ཀྲུའུ་ཧུང་ཝེ་ཡིས། “ཁྲལ་སྲུང་ཁུལ་བརྒྱུད་དེ་ནང་འདྲེན་བྱས་ནས་ནང་འཚོང་དངོས་རྫས་ཀྱི་ཁ་གསབ་སྲིད་ཇུས་ཐོག་ས་གནས་དེ་གའི་སློབ་ཆེན་སློབ་མ་བསྡུས་ནས་ལོ་གསུམ་ཕྱིན་ཚེ་སྤྱི་ཚོགས་འགན་སྲུང་གི་ཁྲལ་སློག་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་ཡོད་པས། ཁྱོན་ཡོངས་ནས་བཤད་ན། བོད་དུ་ཁེ་ལས་གཉེར་བའི་མ་གནས་ཐད་འགྲན་རྩོད་ཆེན་པོ་ལྡན་ཡོད”ཅེས་བཤད།
སི་ཁྲོན་དང་ཧྲེན་ཀྲེན་དུ་ཙོན་ཡོན་ཚན་རྩལ་གྱི་ཀུང་སི་ཡོད་ཅིང་། བོད་དུ་མ་འཇོག་བྱེད་པའི་ལས་འགན་གཙོ་བོ་ནི་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་གཏོད་རྒྱུ་དེ་རེད། བོད་ལྗོངས་ཙོན་ཡོན་ཚན་རྩལ་གྱི་ཉིང་ལྷེབ་ཁྲལ་སྲུང་ལས་སྣོན་རྣམ་གྲངས་དང་པོ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་བོད་ཀྱི་ཉིང་ལྷེབ་ཐོན་ལས་ཀྱི་སྟོང་ཆ་གསབ་ཡོད། ད་ལོ་ནེ་པ་ལའི་ནོ་ཅི་ཡའི་ལྷུ་ལག་དང་ནང་འཚོང་ལྷུ་ལག་ཐོན་སྐྱེད་བྱས་པ་བརྒྱུད། སྔོན་དཔག་བྱས་ན་བོད་ལྗོངས་ཙོན་ཡོན་ཚན་རྩལ་ལ་ཡོང་འབབ་སྒོར་དུང་ཕྱུར་1ཡས་མས་ཟིན་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་ནས་ལས་དོན་བཀོད་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལོ་ཤས་བསྟུད་མར། བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་གྱི་གཙོ་གནད་ལ་ཞིབ་འཇུག་གཏན་འབེབས་བྱས་ནས་བཟོས་པ་མ་ཟད། སྲིད་གཞུང་དང་ཁེ་ལས(དུས་ཚིགས)སྤེལ་རེས་བཞུགས་མོལ་ཇུས་གཞི་དང་། ཚོང་གཉེར་ཁོར་ཡུག་གི་ཞུ་གཏུག་ཐག་གཅོད་ལམ་སྲོལ། སྒོར་དུང་ཕྱུར་10ཡན་གྱི་གན་རྒྱ་བཞག་ནའང་ལས་འགོ་བཙུགས་མེད་པའི་ཚོང་འགུགས་མ་འདྲེན་རྣམ་གྲངས་གལ་ཆེན་འགན་གཙང་ལེན་པའི་ལམ་སྲོལ་སོགས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
མིག་སྔར། བོད་ཀྱིས་སྲིད་དོན་ཞབས་ཞུའི“དྲ་བ་གཅིག”སྐྲུན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དེ་རྒྱལ་ཁབ་པུའུ་ཨུད་25དང་ལས་སྒོའི་དོན་ཚན་220དང་སྦྲེལ་མཐུད་ཐུབ་ཡོད། དྲ་ཐོག་ནས་སྲིད་དོན་ཞབས་ཞུའི་དོན་ཚན་སྒྲུབ་ཚད་100%ཟིན་ཡོད་ཅིང་། “མང་ཤོས་ལ་ཐེངས་གཅིག་ལས་སྐྱོད་མི་དགོས་པའི”དོན་དག་གིས་བཟུང་བའི་བསྡུར་ཚད་98.5%ཟིན་ཡོད། སྲིད་དོན་ཞབས་ཞུའི“སྐར་ཁུང་གཅིག་ནས་གཉེར་རྒྱུར”སྤྱི་འདོམས་སྐུལ་འདེད་བཏང་སྟེ་ལྗོངས་ཐད་གཏོགས་ཚན་པ་27གྱིས་དོན་དག་ཁག་1129ལེགས་གྲུབ་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དྲ་ཐོག་གི་རིག་ནུས་མཐའ་སྣེའི་སྒྲིག་ཆས་རིགས་175བཏོན་པ་དང་། ཁྲོམ་རའི་ཕྱིར་འཐེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཐོ་སུབ་པའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཐོ་སུབ་པར“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་ཡོད། ལས་གྲྭའི་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཆོག་མཆན་སྤྲོད་པ་དང་ལས་གྲྭའི་ཕྱོགས་བསྡུས་ལས་སྒྲུབ་སོགས་སྒྲུབ་གཉེར་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་བཏང་ནས“ས་ཆ་སྤྲད་ན་ལག་ཁྱེར་སྤྲོད་པའི”ཞབས་ཞུའི་སྒྱུར་བཅོས་ཁྱབ་གདལ་ཧུར་ཐག་བཏང་ཡོད། རང་ལྗོངས་ཀྱི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་སྔར་བས་ལེགས་སུ་བཏང་བ་དང་འཛུགས་སྐྲུན་ཁོར་ཡུག་གི་ཕན་ནུས་ཆེ་ལ་གོ་རིམ་ལྡན་པ་བྱུང་ཡོད།
ལས་རྣམ་གསར་པ་དང་རྣམ་པ་གསར་པའི་བཀོལ་སྤྱོད་ནི་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བའི་གསོན་ཉམས་ལྡན་པའི་བྱེད་ཐབས་ཤིག་ཡིན། ཁེ་ལས་འཛུགས་པའི་ཐོག་མའི་འགྲོ་ལུགས་སྟབས་བདེར་གཏོང་བ་དང་། ཁེ་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པ། ཁེ་ལས་ལ་འཕྲད་པའི་གནད་དོན་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གྲོས་མོལ་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུས་གསོན་ཤུགས་ལྡན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བཏོད་པ་མ་ཟད། ཤེས་ཡོན་ཅན་དེ་བས་མང་བ་བོད་དུ་ཡོང་ནས་འཇོན་ཐང་ངོམས་ཏེ་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད།
2024ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་ཁྱོན་དུད་ཚང་ཁྲི་55.70ཟིན་ཏེ་དུས་མཚུངས་ལས་11.43%འཕར་བ་དང་། ལྗོངས་ཡོངས་ཀྱི་དམངས་ཁྲོད་མ་འཇོག་དུས་མཚུངས་ལས་52.90%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ད་ལོ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇི་ལྟར་བྱས་ནས་རྒྱུན་མཐུད་ལེགས་སུ་གཏོང་རྒྱུའི་ཐད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ཟབ་ཏུ་བཏང་ནས་ཁྱབ་ཁོངས་དེ་བས་མང་བ་དང་རྒྱ་དེ་བས་ཆེ་བའི་ནང“ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་པར”སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་ཚད་གཞི་གཅིག་གྱུར་དང་། རིམ་པ་མང་པོར་ཁྱབ་པ། ཐབས་ལམ་མང་པོ་མཉམ་འདྲེས་བཅས་ཀྱི“སྒོ་གཅིག་དང་། དྲ་བ་གཅིག འཐབ་ཕྱོགས་གཅིག”བཅས་ཀྱི་སྲིད་དོན་ཞབས་ཞུའི་མ་ལག་ཐོག་མར་འཛུགས་དགོས་ཞེས་བཏོན་ཡོད།
དུས་ཚིགས་དང་པོར་རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེཌ་སུ་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། “ཞིབ་བཤེར་བསྐྱར་ཟློས་དང་། ཕྱོགས་ཁག་གིས་ཁྲིམས་སྒྱུར། སྟབས་བསྟུན་ཞིབ་བཤེར”བཅས་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་ཁྲིམས་སྒྱུར་དོན་ཚན་གྱི་གསལ་ཐོ》བཟོས་ནས་བཀྲམ་པ་དང་། སྡེ་ཚན་གྱི་མཉམ་འབྲེལ་ཁྲིམས་སྒྱུར་འཆར་གཞི་སྤྱི་འདོམས་ངང་བཟོས་པ། ལྟ་འདོམས་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ཤུགས་བརྒྱབ་པ། ལྟ་འདོམས་ཀྱི་ཕན་ནུས་ཆེ་རུ་བཏང་བ་བཅས་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ་དང་ཕན་འབྲས་ཆེ་རུ་བཏང་ཡོད། བྱ་བ་སྒྲུབ་པའི་བརྒྱུད་རིམ་ལེགས་གཏོང་དང་ཁུ་བསྡུ་བྱེད་པའི་ཐད་སྲིད་དོན་ཞབས་ཞུའི་དོན་དག་ལ་ཞིབ་མཆན་འགོད་རྒྱུའི་དུས་བཅད་སྔར་བས་ཐུང་དུ་བཏང་བ་དཔེར་ན། གཏེར་རྫས་ཐོན་ཁུངས་གསོག་ཚད་ཞིབ་དཔྱད་ཐོ་འགོད་དེ་ཁྲིམས་བཀོད་ཀྱི་ལས་ཉིན་60ནས་ལས་ཉིན་30བར་ཐུང་དུ་བཏང་བ་དང“ས་གཤིས་གནོད་འཚེ་བཅོས་སྐྱོང་འགན་འཁྲི་གཏན་འཁེལ”དེ་ཁྲིམས་བཀོད་ཀྱི་ལས་ཉིན་20ནས་ལས་ཉིན་14བར་ཐུང་དུ་བཏང་ཡོད།
ཁེ་ལས་ལ་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་བའི་ཐད་རང་སྐྱོང་ལྗོངས་ཀྱིས་ལས་ཤོར་འགན་བཅོལ་ལས་གནས་བརྟན་པོ་དང་ཕྱིར་སློག་མ་དངུལ་དང་རྩལ་ནུས་མཐོར་འདེགས་ཁ་གསབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། “རེ་ཞུ་བྱེད་མི་དགོས་པར་ལོངས་སུ་སྤྱོད་པའི”བྱ་ཐབས་སྤྱད་དེ་ལས་གནས་བརྟན་པོ་དང་ཕྱིར་སློག་མ་དངུལ་དུས་ཐོག་ཏུ་སྤྲད་པས། ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱིས་ལས་ཤོར་འགན་བཅོལ་ལས་གནས་བརྟན་པོ་དང་ཕྱིར་སློག་མ་དངུལ་དང་ཐེངས་གཅིག་ལ་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་མ་དངུལ་སྒོར་ཁྲི་597ལྷག་ཙམ་སྤྲད་པར་ཁེ་ལས་ཁག་647ལ་ཕན་པ་ཐོབ་པ་དང་ལས་གནས་ཁྲི་1.15བརྟན་པོ་བྱུང་ཡོད། སྲིད་གཞུང་དང་ཚོང་པའི་དབར་གྱི་སྤེལ་རེས་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད་དུས་བཀག་ལྟར་སྲིད་གཞུང་དང་ཁེ་ལས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོག་པ་དང་། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོ་བསྡུ་ལེན། མ་འཇོག་སྐུལ་འདེད་ལས་དོན་ལ་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྲིད་གཞུང་དང་ཁེ་ལས་དབར་སྦྲེལ་ཟམ་བསྐྲུན་ནས་ཁེ་ལས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་གྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཡོད།
ད་ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་བྱེད་པོའི་དུད་ཚང་ཁྲི་55.51(དུས་མཚུངས་ལས11.54%འཕར་བ)ཟིན་པ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་གཏོང་དང་རིམ་སྤོར་བྱུང་སྟེ་གངས་ལྗོངས་ས་མཐོའི་དཔལ་འབྱོར་ས་ཁམས་ཇེ་ལེགས་སུ་འགྲོ་བཞིན་ཡོད།