རང་ལྗོངས་ཀྱི་མཉམ་སྡེབ་1ལ་2025ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུ་ལྔ་བཞིའི་གཟེངས་རྟགས་ཐོབ་པ་དང་མི་སྒེར་10ལ་2025ལོ་འཁོར་གྱི་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་བྱ་དགའ་ཐོབ་པ།
ཉེ་ཆར། 2025ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུ་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་བྱ་དགའ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་རེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་མཐུན་30ལ་2025ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུ་ལྔ་བཞིའི་གཟེངས་རྟགས་དང་། གཞོན་ནུ་མཉམ་སྡེབ་30ལ་2025ལོ་འཁོར་གྱི་ཀྲུང་གོ་གཞོན་ནུ་ལྔ་བཞིའི་གཟེངས་རྟགས། བློ་མཐུན་677ལ་2025ལོ་འཁོར་གྱི་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་བྱ་དགའ་བཅས་སྤྲོད་རྒྱུའི་གཏན་འབེབས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་རང་རྒྱལ་གྱི་ཕུལ་བྱུང་གཞོན་ནུ་ཚོས་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་དང་། དུས་རབས་གསར་པའི་གཞོན་ནུ་རྣམས་ཀྱི་བསམ་པའི་གཤིས་རྒྱུད་དང་རིན་ཐང་དོན་གཉེར་གཅིག་སྡུད་ཐོག་མངོན་པར་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཡོད། རང་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ལ་2025ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུ་ལྔ་བཞིའི་གཟེངས་རྟགས་ཐོབ་པ་དང་། ལྷུན་གྲུབ་སོགས་མི་10ལ་2025ལོ་འཁོར་གྱི་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་བྱ་དགའ་ཐོབ་ཡོད།
2025ལོ་འཁོར་གྱི་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་བྱ་དགའ་ཐོབ་པའི་མི་སྒེར་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་ལྷུན་གྲུབ་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཡེ་ཤེས་སྒྲོལ་མ། བོད་ལྗོངས་སློབ་ཆེན་གྱི་རིགས་པའི་གཞུང་ལུགས་དངོས་ལུགས་ཁ་ཕྱོགས་རིག་ཚན་གྱི་སྣེ་ཁྲིད་པ་དང་དགེ་རྒན་ཆེ་མོ་བ་ཝུའུ་ཆི། བོད་ལྗོངས་ལིང་ཀོང་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཀྲེང་ཀྲི་གོ སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་ཅིང་ལི་གཞོན་པ་མཚོ་མོ། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི་ནག་ཆུ་ཡན་ལག་ཀུང་སི་མཚོ་གཉིས་རྫོང་ཡན་ལག་ཀུང་སིའི་ཅིང་ལི་ཡེ་ཅང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་རིམ་པ་དང་པོའི་ཁོའོ་ཡོན་ཚེ་རིང་མཚམས་གཅོད། རྩ་མདའ་རྫོང་ཁྲལ་དོན་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་པ་སངས་སྒྲོལ་མ། བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་ལས་རྩད་ཞིབ་གསར་སྤེལ་ཅུས་ས་གཤིས་རུ་ཆེན་དྲུག་པའི་འབྲིང་རིམ་བཟོ་བཀོད་པ་ཝང་ཅེ། ཀྲུང་གོ་ཞིང་ལས་དངུལ་ཁང་ཉིང་ཁྲིའི་རྫ་ཡུལ་རྫོང་ཉིང་ལག་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་དཔའ་འཛོམས་བཅས་ཡིན་པ་རེད།