དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་42.11ཟིན་པ།
གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་42.11ཟིན་པ་དེ་དུས་མཚུངས་ལས་11.3%འཕར་ནས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.2ཀྱིས་མཐོ་བ་ཡོད་པ་དང་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། དེའི་ནང་བཅད་གྲངས་ཡན་གྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་12.07ཟིན་པ་དེ་དུས་མཚུངས་ལས་29.2%འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་33.73ཟིན་པ་དེ་དུས་མཚུངས་ལས་9.7%འཕར་བ་དང་། གྲོང་གསེབ་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་8.38ཟིན་པ་དེ་དུས་མཚུངས་ལས་18.1%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་ཀྱིས་སྔར་བཞིན་གཙོ་ཁྲིད་ཀྱི་གནས་བབ་བཟུང་ཡོད་ཀྱང་འཕར་ཚད་གྲོང་གསེབ་ལས་འགོར་བ་ཡོད། འཛད་སྤྱོད་ཀྱི་རིགས་དབྱེ་ན། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་39.13ཟིན་པ་དེ་དུས་མཚུངས་ལས་11.2%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར་2.98ཟིན་པ་དེ་དུས་མཚུངས་ལས་12.1%འཕར་ཡོད་པ་རེད།