དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་མཚམས་སྦྲག་ལམ་རྒྱུད་ཀྱི“སེམས་བཟང་ཕོ་ཉ”

    རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་པ་སངས་དོན་གྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06


    འདི་ནི་པ་སངས་དོན་གྲུབ་ཀྱིས་བྱང་ལའི་རྩེར་གངས་བཤངས་ནས་རླངས་འཁོར་འགག་གནས་ལས་སྒྲོལ་ཐབས་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)

    ཞོགས་པའི་ཆུ་ཚོད་5པར་དབྱེ་འབྱེད་ཁང་དུ་གློག་འོད་ཁྲ་ལྷམ་མེར་གསལ། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་ཡན་ལག་ཀུང་སིའི་སྦྲག་སྐྱེལ་བ་པ་སངས་དོན་གྲུབ་ཀྱིས་བསྐུར་མ་ཁག་གྲོང་ཚོ་སོ་སོར་བགོས་པར་བྲེལ། སྨན་རྫས་དང་སློབ་ཚུད་བརྡ་ཐོ་སོགས་ཚང་མ་མཐའ་མཚམས་མང་ཚོགས་ཀྱི་སེམས་ནང་གི་དོན་དག་གལ་ཆེ་ཤོས་ཤིག་རེད། “ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བས་དེ་རིང་སྔ་པོ་ནས་ཀོ་ཐང་ཤང་གི་བསྐུར་མ་ཚང་མ་སྐྱེལ་ཚར་བ་བྱེད་དགོས”པ་སངས་དོན་གྲུབ་ཀྱིས་བསྐུར་མ་རེ་རེ་བཞིན་སྦྲག་སྐྱེལ་རླངས་འཁོར་ནང་བླུགས།

    སྐྱིད་གྲོང་རྫོང་གྲོང་ནས་ཐག་རིང་ཤོས་ཀྱི་ཀོ་ཐང་ཤང་བར་ལམ་ཐག་སྤྱི་ལེ་140ཡོད་པ་མ་ཟད་གངས་རི་ཁ་ཤས་ཀྱང་བརྒལ་དགོས། སྦྲག་ལམ་སྟེང་ལས་གོས་སྔོན་པོ་གྱོན་པའི་པ་སངས་དོན་གྲུབ་ཀྱིས་སྦྲག་འཁོར་སྔོན་པོ་ཞིག་བཏང་ནས་རི་མཐོ་གྲོག་རོང་བརྒྱུད་མཐའ་མཚམས་གྲོང་ཚོར་བསྐྱོད་ནས་བསྐུར་མ་རེ་རེ་བཞིན་མང་ཚོགས་ཀྱི་ལག་ཏུ་སྤྲད་དེ་ཏང་གི་སྲིད་ཇུས་དང་གསུང་སྒྲ་གཞི་རིམ་དུ་བརྒྱུད་བསྒྲགས་བྱེད་ཀྱི་ཡོད། “སྦྲག་ཡིག་རེ་རེས་རེ་སྒུག་རེ་མཚོན་པ་དང་བསྐུར་མ་རེ་རེ་ཡིད་ཆེས་ཡིན་པས། སྦྲག་ལམ་དཀའ་ཚེགས་ཇི་ལྟར་ཆེ་རུང་གང་ལྟར་དེར་སྐྱོད་མཁན་དགོས”ཞེས་པ་སངས་དོན་གྲུབ་ཀྱིས་རྒྱང་རིང་གི་གངས་རིར་ལྟ་བཞིན་དེ་ལྟར་བརྗོད།

    དུས་རབས་གསར་པའི་སྦྲག་སྐྱེལ་བ་ཞིག་ཡིན་པའི་པ་སངས་དོན་གྲུབ་ཀྱིས“ལྷག་བསམ་དང་། ནན་ཏན། འགན་འཁུར”བཅས་ཀྱི་ལས་ཀའི་རྣམ་འགྱུར་ལ་བརྟེན་ནས་གངས་རིའི་སྦྲག་ལམ་ཚང་མར་བསྐྱོད་པ་དང་ལག་གཉིས་ལ་བརྟེན་ནས་དྲོ་སྐྱིད་བརྒྱུད་སྤྲོད་བྱས་པ་མ་ཟད། ཡ་རབས་ཀྱི་ཞབས་ཞུ་དང་སྤྲོ་སེམས་རབ་ཏུ་འཁོལ་པའི་སྒོ་ནས་མཐའ་མཚམས་ཀྱི་སྦྲག་སྐྱེལ་བས་མེས་རྒྱལ་དང་མི་དམངས་ལ་ཟོལ་མེད་ཀྱི་ལྷག་བསམ་བཅངས་ལུགས་དང་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད།

    2022ལོའི་ཟླ་8པར། པ་སངས་དོན་གྲུབ་བཟའ་ཚོས་རང་ཉིད་ཀྱི་ལོ་བཞི་ལ་སླེབས་པའི་ཕྲུ་གུ་ནང་མིར་བཅོལ་རྗེས་གཉིས་ཀ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་པ་མ་ཟད། པ་སངས་དོན་གྲུབ་སྐྱིད་གྲོང་གྲོང་རྡལ་དང་བླངས་པའི་དཔུང་ཁག་ནང་དུའང་ཧུར་ཐག་ཞུགས་ཡོད། དེའི་རིང་ཁོང་རིམས་འགོག་དངོས་ཟོག་དབོར་འདྲེན་གྱི་ལས་དོན་ནང་ཞུགས་པ་དང་རླངས་འཁོར་དཀོན་པའི་དུས་སུ་ཐེ་ཚོམ་མེད་པར་རང་ཁྱིམ་གྱི་ཕི་ཁཱ་རླངས་འཁོར་བཏང་སྟེ་རིམས་འགོག་དངོས་ཟོག་དབོར་འདྲེན་བྱས་པ་རེད།

    ལས་ཀར་ཞུགས་མ་ཐག་པའི་པ་སངས་དོན་གྲུབ་ལ་མཐོ་རིམ་སློབ་འབྲིང་སློབ་རྒྱུས་ལས་མེད་སྟབས་ཤེས་བྱ་ཡོན་ཏན་གྱི་གལ་ཆེའི་རང་བཞིན་གསལ་པོར་རྟོགས་པའི་ཁོང་གིས་ལས་ཞོར་དུས་ཚོད་སྤྱད་ནས་སློབ་སྦྱོང་བྱས་མཐར་ཆེད་ཚན་སློབ་གྲྭ་ཆེ་མོ་བའི་སློབ་གནས་རག་ཡོད། ལས་སྒོའི་རྐང་འཛིན་པ་ཞིག་ཡིན་པའི་པ་སངས་དོན་གྲུབ་ཀྱིས་ས་མཐོའི་སྦྲག་སྐྱེལ་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ས་བབ་མཐོ་སར་དབུགས་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་ནས་འཁྱགས་སའི་ལམ་རྒྱུད་དུ་རླངས་འཁོར་གཏོང་རྩལ་བར་གྱི་ཐབས་ཤེས་དག་སྦྲག་སྐྱེལ་བ་གསར་པར་བསླབས་པ་མ་ཟད། ད་དུང་ཁོང་ཚོར་ཡོ་བྱད་དང་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་དམར་ཁྲིད་བྱས་པ་དང་ངང་རྒྱུད་རིང་པོས་ལས་ཀའི་བརྒྱུད་རིམ་གསལ་པོ་མ་ཤེས་བར་དུ་འགྲེལ་བཤད་རྒྱག་གི་ཡོད་པ་རེད།

    བྲེལ་འཚུབ་ཆེ་བའི་ཉིན་གཅིག་གི་ལས་ཀ་མཇུག་འགྲིལ་རྗེས་པ་སངས་དོན་གྲུབ་གཞུང་ལས་ཁང་དུ་ལོག ཕྲུ་གུ་ཚོས་ཚོན་སྨྱུག་གིས་ཟུར་མཆན་བཀོད་པའི“ཨ་ཁུ་ལགས་ཀྱི་འཕྲིན་སྐྱེལ་ལམ་ཐིག”བཀོད་པའི་ས་བཀྲ་དེ་མིག་ལམ་དུ་ཧ་ཅང་མངོན་གསལ་ཆེ། མཐའ་མཚམས་སྦྲག་ལམ་སྟེང་གི“བདེ་སྐྱིད་ཕོ་ཉ”ཞིག་ཡིན་པའི་ཁོང་གིས་འགན་འཁྲི་དང་འགན་ཁུར་སེམས་ལ་བརྟེན་ནས་དུས་རབས་གསར་པའི་ངལ་རྩོལ་པའི་ཐོག་མའི་བསམ་འདུན་དང་འགན་འཁྲིར་འགྲེལ་བཤད་གསལ་པོ་བརྒྱབ་ཡོད། “རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་པའི་ཁོང་གིས“ངས་ནུས་ཤུགས་ཡོད་རྒུས་རང་འཁྲིའི་ལས་འགན་བསྒྲུབས་པ་ཙམ་ཡིན། གཟེངས་བསྟོད་ཆེན་པོ་འདི་འདྲ་ཐོབ་མྱོང་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།