ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་སློབ་གྲྭར་མེ་གསོད་ཤེས་བྱ་ཁྱབ་གདལ་བཏང་ནས་བདེ་འཇགས་ཀྱི“མེ་འགོག་གྱང”བརྟན་དུ་བཏང་བ།
ཉེ་ཆར། ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་ལས་དོན་པ་ཆུ་ཤུར་རྫོང་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ“སློབ་གྲྭའི་མེ་གསོད་བདེ་འཇགས་སེམས་སུ་འཇོག བྱ་སྤྱོད་དངོས་ཀྱི་ཐོག་ནས་མེ་གསོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མེ་གསོད་བདེ་འཇགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་རྣམ་པ་མི་འདྲ་བའི་བདེ་འཇགས་ཤེས་བྱའི་སྒྲོལ་འགྲེལ་ཞིག་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། སྒྲོག་འགྲེལ་པས་གོ་བདེ་ཤེས་སླ་དང་ཉན་སྤྲོ་བའི་སྐད་ཆའི་ཐོག་ནས། རྒྱུན་གཏན་གྱི་འཚོ་བའི་ཁྲོད་སྣང་མེད་དུ་གཏོང་སླ་བའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ནས་འགོ་བརྩམས་ཏེ། ལུགས་མཐུན་ངང་གློག་ཆས་བེད་སྤྱོད་གཏོང་མི་ཤེས་པ་དང་ཕྲུ་གུས་མེ་ལ་རྩེད་མོ་རྩེ་བ་སོགས་ཐོན་མང་བའི་མེ་སྐྱོན་གྱི་འབྱུང་རྐྱེན་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད། སློབ་མ་ཚོར་དེ་བས་ཁ་གསལ་དང་གཏིང་ཟབ་ཀྱི་ངོས་འཛིན་ཡོང་ཆེད། སྒྲོག་འགྲེལ་པས་འཚོ་བ་དངོས་ནང་ཐོན་པའི་མེ་སྐྱོན་གྱི་དཔེ་མཚོན་ཁག་གཅིག་དཔེ་རུ་དྲངས་ཡོད། མེ་སྐྱོན་དཔེ་མཚོན་དེ་དག་གི་ཁྲོད་དུ། འུར་འུར་མེ་ལྕེས་རྒྱུ་དངོས་མེར་བསྲེགས་པ་མ་ཟད། རིན་བྲལ་གྱི་ཚེ་སྲོག་འཕྲོག་སྟེ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྡུག་བསྔལ་ཆེན་པོ་བཟོས་ཡོད། སློབ་མ་ཚོས་མེ་གསོད་ཤེས་བྱ་ཉན་རྗེས་མེ་སྐྱོན་གྱི་ཚབས་ལྕི་བའི་ཉེན་ཁ་དང་དེ་བཞིན་མེ་སྐྱོན་སྔོན་འགོག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད།