དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཤིས་གྲོང་ཁྱེར་གྱི་སྤྲོ་གསེང་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

    ཐབས་ནུས་ཡོད་རྒུ་བཏོན་ནས་ཆུར་ལྷུངས་པའི་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་ཏེ་བདེ་འཇགས་ལས་འཛོལ་ཆེན་པོ་དང་ཚབས་ཆེན་ཐོན་མང་བའི་གནས་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

    ​ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་4ཉིན་གྱི་ཆུ་ཚོད་16དང་སྐར་མ་40ཙམ་ལ། ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཤིས་གྲོང་ཁྱེར་ཤིན་རེན་ཤང་ཧྭ་ཝུའུ་གྲོང་ཚོའི་སྤྱི་ལེ་བརྒྱ་ཡི་ཚོན་རིས་བར་ཁྱམས་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་ཐོན་པ་རེད། མིག་སྔའི་བར། ལས་འཛོལ་ཁྲོད་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་60སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ། དེ་མིན་མི་14འཚོལ་སྐྱོབ་བྱེད་བཞིན་ཡོད་པ་བཅས་རེད།

    ལས་འཛོལ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ནས། ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཤིས་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ཞིག་ཏུ་སྤྲོ་གསེང་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་ཐོན་པས། ཐབས་ནུས་ཡོད་རྒུ་བཏོན་ནས་ཆུར་ལྷུངས་པའི་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་རྗེས་འཇུག་དང་དེ་བཞིན་ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉེ་དུས་ས་ཆ་ཁ་ཤས་སུ་བདེ་འཇགས་ལས་འཛོལ་བསྟུད་མར་ཐོན་ནས་མི་སྣ་ཤི་རྨས་བྱུང་བས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་དེ་ལས་བསླབ་བྱ་ཟབ་མོ་ལེན་པ་དང་སྣང་མེད་ཀྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས་ཕྱོགས་ཁག་གི་འགན་འཁྲི་སྔར་བས་ནན་དུ་བཏང་ཐོག ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། སྤྱི་པའི་འདུ་གནས་ཆེ་གྲས། གྲོང་མིའི་ཁུལ་ཆུང་། ཕྱིར་ལོག་འགྲིམ་འགྲུལ་སོགས་ལ་དམིགས་ནས་བདེ་འཇགས་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། བདེ་འཇགས་ལས་འཛོལ་ཆེན་པོ་དང་ཚབས་ཆེན་ཐོན་མང་བའི་གནས་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ནུས་ཤུགས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། ནང་མིར་སེམས་གསོ། རྗེས་འཇུག་བཀོད་སྒྲིག དོན་རྐྱེན་ཞིབ་བཤེར་ཐག་གཅོད་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། “ལྔ་གཅིག”ངལ་གསོ་མཇུག་འགྲིལ་ཉེར་ཡོད་པས། ས་གནས་ཁག་དང་འབྲེལ་ཡོད་ཕྱོགས་ཁག་ལ་སྔར་བས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་དང་བདེ་འཇགས་དོ་དམ་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཙོ་གནད་འདུ་གནས་དང་གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་སེལ་བ་བཅས་བྱས་ཏེ་ལས་འཛོལ་ཆེན་པོ་དང་ཚབས་ཆེན་རིགས་ལ་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་ཕེབས་ནས་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད། ཀུའེ་ཀྲོའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ས་གནས་ས་ཐོག་ཏུ་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་བཀོད་འདོམས་བྱས་པ་དང་། ཀུའེ་ཀྲོའུ་ཞིང་ཆེན་དང་པི་ཅེ་གྲོང་ཁྱེར་གྱིས་ས་གནས་ས་ཐོག་ཏུ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་ཅིང་། མིག་སྔར་འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།