ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་ཡིན་པ།
ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་7ནས་10ཉིན་བར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་མོ་སི་ཁོར་འཚོག་རྒྱུའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་7ནས་10ཉིན་བར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་མོ་སི་ཁོར་འཚོག་རྒྱུའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་རེད། ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསར་འགོད་པར་ད་ཐེངས་ཀྱི་འཚམས་འདྲིའི་བཀོད་སྒྲིག་གཙོ་བོ་དང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བར་བཅངས་པའི་རེ་སྒུག་ངོ་སྤྲོད་བྱས་པ་རེད།
མགྲིན་ཚབ་པས་བརྗོད་དོན། མིག་སྔར་ལོ་བརྒྱའི་དུས་བབ་ལ་འཕེལ་རྒྱས་མགྱོགས་པོ་འགྲོ་བ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ལོ་རྒྱུས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གཞི་ཚུགས་ཏེ་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་དེ་རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་ཁྲོད་ཐོག་མཐའ་བར་གསུམ་དུ་བརྟན་བརླིང་ངང་མདུན་སྐྱོད་བྱེད་པར་ཁྲིད་སྟོན་མཛད་པས་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཁེའི་མཉམ་ལས་གཉིས་ཕན་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་ཡོད།
མགྲིན་ཚབ་པས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་གདན་ཞུས་ལྟར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རིང་། ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་དུས་བབ་གསར་པའི་འོག་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་འཐབ་ཇུས་ཀྱི་སྤེལ་རེས་གནང་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་གྱིས་ཀྲུང་གོ་དང་ཨུ་རུ་སུའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་འགྲོ་བ་དང་། འཐབ་ཇུས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཐུབ་པ་བཅས་བྱུང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྦྱིན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་ཐུབ་ངེས་རེད།
མགྲིན་ཚབ་པས་བརྗོད་དོན། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་གཉིས་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་པ་དང་། རང་རང་སོ་སོའི་མི་རིགས་འཇིག་ཉེན་ལས་སྐྱོབ་པ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་བཅས་ཀྱི་ཆེད་བློས་གཏོང་ཆེན་པོ་བྱས་ནས་ལོ་རྒྱུས་ཀྱི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་དབར་ཐུན་མོང་གི་ངོས་འཛིན་བྱུང་ནས་ཐུན་མོང་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དར་སྤེལ་གཏོང་བ། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱེད་རྒྱུ་རེད། ལོ་རྒྱུས་ཀྱི་དམིགས་བསལ་གྱི་མཚམས་ཚིགས་འདིར། གདན་ཞུས་ལྟར་མོ་སི་ཁོར་འཚོག་རྒྱུའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་ཡིན་པ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིའི་ནང་དོན་གལ་ཆེན་ཞིག་རེད་ལ། ཀྲུང་གོ་དང་ཨུ་རུ་སུའི་དབར་ཕ་རོལ་པོས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བར་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་ཀྱང་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
མགྲིན་ཚབ་པས། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་ཞིག་ཡིན་ཞིང་། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འཛུགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་ཐད་དམིགས་བསལ་གྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཉམ་ལས་དམ་ཟབ་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་པ་དང་རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་མཐུན་སྒྲིལ་བྱེད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ནས་ཕྱོགས་རྐྱང་རིང་ལུགས་དང་བཙན་ཤེད་བྱེད་སྤྱོད་ལ་དར་ཆ་གསལ་སྟོན་ངང་ངོ་རྒོལ་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།