ཧྥུའུ་ཅན་དུ་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་པ་དེ་རིག་གནས་ཡུལ་སྐོར་གྱི་དར་སྲོལ་གསར་པར་གྱུར་པ།
“ལྔ་གཅིག”གུང་གསེང་རིང་། གསར་འགོད་པས་ཧྥུའུ་ཅན་རིག་གནས་ཡུལ་སྐོར་ཁྲོམ་རར་བཅར་འདྲིར་བསྐྱོད་ནས་ཤེས་རྟོགས་བྱུང་བར། སྲོལ་རྒྱུན་གྱི་སྐད་གྲགས་ཆེ་བའི་ཡུལ་སྐོར་དམིགས་ས་ཕུད། གྲོང་གསེབ་ཏུ་ཡུལ་སྐོར་བྱེད་པ་དེ་ཡུལ་སྐོར་ལ་དགའ་མཁན་མི་ཉུང་བ་ཞིག་གི་གདམ་ག་ཡག་ཤོས་སུ་གྱུར་ནས་རིག་གནས་ཡུལ་སྐོར་ཁྲོམ་རའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།
ཟླ་ལྔ་པའི་ཧྥུའུ་ཀྲོའུ་མེན་ཧོའུ་ཀྲུའུ་ཆི་ཤང་གི་མཛེས་ལྗོངས་ཡིད་དུ་འོང་ཞིང་། ཤིས་ལན་མཚེའུ་ཡི་སྒར་སར་བསྐྱོད་སྐབས་གང་སར་ཀོག་ཧྥེ་དང་བག་ལེབ་སྲེག་མའི་དྲི་ཞིམ་འཐུལ་བ་དང་ཕྲུ་གུ་ཚོ་རྩེད་མོར་རོལ་བའི་དགོད་སྒྲས་ཁེངས། དེ་སྔའི་ལྷིང་འཇགས་ཀྱི་གྲོང་ཚོ་དེ་ད་ཆ་ས་གནས་དེ་གའི་གྲོང་གསེབ་ཡུལ་སྐོར་གྱི་སྐད་གྲགས་ཆེ་བའི་ས་ཆ་ཞིག་ཏུ་གྱུར་ནས་ས་ཕྱོགས་གང་ས་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་རི་སྔོན་ཆུ་དྭངས་ཁྲོད་འཚོ་བར་རོལ་བཞིན་མཆིས།
ཧྥུའུ་ཀྲོའུ་ནས་ཡིན་པའི་ཨ་ཅག་ལིན་ལགས་ཀྱིས་ནང་མི་དང་མཉམ་དུ་དེ་གར་ཡོང་ཞིང་། ཁོང་གིས“འདིར་སྐད་གྲགས་ཆེ་བའི་མཛེས་ལྗོངས་ཁུལ་ལྟར་འཚང་ཁ་མེད་པའི་ཁར་མཛེས་ལྗོངས་དང་སྤྲོ་སྣང་གཉིས་ཀ་ལྡན་པས་དངོས་གནས་སྐྱིད་པོ་འདུག”ཅེས་བཤད།
ས་སྲོད་ཙམ་ལ། ཉིང་ཏེ་གྲོང་ཁྱེར་ཞ་ཕུའུ་ཏུང་པི་གྲོང་ཚོའི་གྲམ་ཐང་དེ་དགོང་མོའི་མཚམས་སྤྲིན་གྱིས་གསེར་ཆུ་བྱུག་པ་ལྟར་ལྷག་པར་མཛེས། པར་ལེན་ལ་དགའ་པོ་བྱེད་མཁན་སྐུ་ཞབས་ཝང་ལགས་ཀྱིས་དེ་མུར་མཛེས་ལྗོངས་ཀྱི་ཉམས་སྣང་པར་ལེན་བྱས།
ཏུང་པེ་གྲོང་ཚོའི་རྒྱབ་རི་བོ་དང་མདུན་མཚོ་ཡིས་བསྐོར་བ་དང་གྲོང་མིའི་སྡོད་ཁང་རི་ལྡེབས་སུ་ཡོད་པ་ནི་ཞ་ཕུའུ་ཡི་སྐད་གྲགས་ཆེ་བའི་ཉི་ནུབ་མཛེས་ལྗོངས་ལྟ་ས་ཤིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་པར་ལེན་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་གི་གདམ་ག་ཡག་ཤོས་སུ་གྱུར་ཡོད།
“མགྲོན་ཁང་ཚང་མ་ཁེངས་འདུག”ཅེས“ཧྲི་ཅན་ཧའེ”དམངས་སྲོལ་གནས་ཚང་གི་སྦྱིན་བདག་ཁྲེན་ཧྲུའུ་མན་གྱིས་གསར་འགོད་པར་བཤད། “ཧྲི་ཅན་ཧའེ”དམངས་སྲོལ་གནས་ཚང་དུ་སྐྱོད་སྐབས་ཡུལ་སྐོར་བ་ལ་ལ་དཔེ་དེབ་ལྟ་བཞིན་ཡོད་པ་དང་ལ་ལ་གཡབ་སྟེངས་ནས་རྒྱ་མཚོར་ལྟ་བཞིན་འདུག་པས་ཞག་སྡོད་ཕུད་པའི་མྱོང་རོལ་བྱེད་ས་ཡག་པོ་ཞིག་རེད་འདུག
གྲོང་མི་ལིན་མུའུ་ཧྲུན་ནི་སྔོན་ཆད་ཉ་པ་ཞིག་ཡིན་ཞིང་། ད་ཆ་མཚོ་ལྗོངས་དམངས་སྲོལ་གནས་ཚང་7གཉེར་སྐྱོང་བྱེད་བཞིན་ཡོད་པས། ཉིན་དེ་དག་རིང་མགྲོན་ཁང་ཚང་མ་ཁེངས་ཡོད། “ན་ནིང་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་འདུག ཉ་འཛིན་པ་ལས་ཡོང་འབབ་བརྟན་པ་འདུག”ཅེས་ཁོང་གིས་དགའ་སྤྲོའི་ངང་བཤད།
ཉམས་ལེན་སྔར་བས་ལེགས་སུ་གཏོང་ཆེད། ཏུང་པི་གྲོང་ཚོས་མཚོ་སྐོར་ལམ་བུ་སྤྱི་ལེ་5.3བསྐྲུན་ནས་རི་བོ་དང་མཚོ་འགྲམ་གྱི་ཡུལ་ལྗོངས་སྦྲེལ་མཐུད་བྱས་ཡོད། ཡུལ་སྐོར་བ་ཞིག་གིས“འདིར་རང་བྱུང་ཡུལ་ལྗོངས་མཛེས་ལ་འཚོ་བར་དྲོ་སྐྱིད་ཀྱང་ལྡན་འདུག”ཅེས་བཤད།
ལས་རིགས་གཅིག་པའི་མི་མང་པོ་ཞིག་གིས་ཁྱད་ལྡན་ཅན་དང་། སྤུས་ཚད་ཅན། སྤུས་རྟགས་ཅན་བཅས་ནི་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འགག་རྩ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། མིག་སྔར། སྣ་མང་ཕུན་སུམ་ཚོགས་པའི་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་བ་སྔར་བས་མང་པའི་ཡིད་དབང་འགུག་པ་དང་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་པ་དེ་རིག་གནས་ཡུལ་སྐོར་ཁྲོམ་རའི་དར་སྲོལ་གསར་པར་འགྱུར་བཞིན་ཡོད་པ་རེད།