དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རིག་གནས་སྤེལ་རེས་ལས་ཝེ་ཀྲུང་མི་དམངས་དབར་གྱི་སེམས་ཐག་སྔར་བས་ཉེ་རུ་ཕྱིན་ཡོད”

    —— ཝེ་ཐེ་ནམ་གྱི་ལོ་ཙཱ་བ་རྒན་རབས་དང་སྐབས་དང་པོའི་ཀྲུང་ཧྭའི་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་ཐོབ་མཁན་ཝུའུ་ཚའེ་ཆུང་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཧྲེན་ཞའོ་ཞའོ། སུན་ཀོང་ཡུང་།   |     སྤེལ་དུས།  2025-05-06

    ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིའི་གྲོང་ཁྱེར་གྱི་ལྟེ་བ་ནས་ཤར་ཕྱོགས་སུ་རླངས་འཁོར་བསྡད་དེ་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་རྗེས་གསར་འགོད་པ་དབེན་འཇམ་གྱི་ཁུལ་ཆུང་ཞིག་ཏུ་སླེབས་བྱུང་། བགྲེས་སོང་ཞིག་གིས་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་གྱོན་ཆས་ཨའོ་ཏའེ་གྱོན་ནས་ཁུལ་ཆུང་གི་སྒོ་འགྲམ་དུ་བསྒུགས་ནས་བསྡད་འདུག ཁོང་ནི་ཝེ་ཐེ་ནམ་གྱི་ལོ་ཙཱ་བ་རྒན་རབས་དང་སྐབས་དང་པོའི་ཀྲུང་ཧྭའི་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་ཐོབ་མཁན་ཝུའུ་ཚའེ་ཆུང་རེད། གསར་འགོད་པ་དང་བཅས་པ་འབྱོར་བ་མཐོང་རྗེས། ཁོང་གིས་སྤྲོ་སེམས་འཁོལ་པོས་འཚམས་འདྲི་གནང་བ་མ་ཟད། རྒྱ་སྐད་ཐོག་ནས“ཁྱེད་ཚོར་དགའ་བསུ་ཞུ”ཞེས་ཀྱང་བརྗོད་བྱུང་།

    ཝུའུ་ཚའེ་ཆུང་གི་ཁྱིམ་དུ་འཛུལ་སྐབས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངོས་པོ་གང་སར་མཐོང་རྒྱུ་འདུག ཁང་པའི་སྒོའི་སྟེང་དུ“ཧྥུའུ”ཞེས་པའི་རྒྱ་ཡིག་སྦྱར་ཡོད་པ་དང་། ཚོམས་ཆེན་གྱི་བང་ཁྲིའི་སྟེང་དུ་ཀྲུང་གོའི་ཟློས་གར་གྱི་འབག་དང་། གཤིས་འཇམ་ཟོལ་མེད་ཀྱི་དོམ་ཁྲའི་རྒྱན་ཆ་བཞག་ཡོད། ད་དུང་དཔེ་སྒྲོམ་ཐོག་ཏུ་ཐང་དང་སུང་རྒྱལ་རབས་ཀྱི་སྙན་ངག་དང་སྙན་ཚིག་དང་། བརྩམས་ཆོས་གྲགས་ཅན་བཞི་ཡི་དཔེ་དེབ། དེ་བཞིན་ཁོང་གིས་བསྒྱུར་པའི་ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་དཔེ་དེབ་རབ་དང་རིམ་པ་བསྒྲིགས་ཡོད། “ཀྲུང་གོར་ལོ་5000ལྷག་ཙམ་གྱི་ལོ་རྒྱུས་ཡུན་རིང་ཡོད་པ་དང་། ཀྲུང་ཧྭའི་ཤེས་རིག་ཀྱང་སྔ་མོ་ནས་ད་ལྟའི་བར་དུ་རྒྱུན་ཆད་མེད” ཝུའུ་ཚའེ་ཆུང་གིས“ང་ཀྲུང་གོའི་རིག་གནས་ལ་དགའ་པོ་ཡོད། ལྷག་པར་དུ་ཀྲུང་གོའི་གནའ་བོའི་སྙན་ངག་ལ་དེ་བས་ཀྱང་དགའ་པོ་ཡོད། དེ་དག་ལ་མཛེས་ཆོས་རིག་པའི་ཁྱད་ཆོས་ཡོད་པས་གོ་རྒྱུ་ཟབ་མོ་ལྡན་འདུག”ཅེས་བརྗོད།

    ཀྲུང་གོའི་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འཕེལ་རྒྱས་དང་འགྱུར་ལྡོག་ལས་ཝུའུ་ཚའེ་ཆུང་ལ་བག་ཆགས་ཟབ་མོ་བཞག་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་སྟབས་བདེ་བའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་འཐུས་སྒོ་ཚང་བའི་གྲོང་ཁྱེར་དོ་དམ་འཛུགས་སྐྲུན་ལ་ཁོང་གིས་བསྔགས་བརྗོད་ལྷག་པར་བྱེད་ཀྱི་ཡོད། ཝུའུ་ཚའེ་ཆུང་གིས་བལྟས་ན། ཀྲུང་གོ་ནི་ཁོང་གི་ཕ་ཡུལ་གཉིས་པ་རེད། 1946ལོར་ཝུའུ་ཚའེ་ཆུང་ཀྲུང་གོའི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་སྐྱེས་པ་དང་། ཕ་མ་ནི་ཀྲུང་གོར་བྱེས་སུ་སྡོད་པའི་ཝེ་ཐེ་ནམ་གྱི་ཕྱིར་སྡོད་མི་སྣ་ཡིན་པས་ཆུང་དུས་ནས་ཀྲུང་གོའི་རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོའི་ཁྲོད་འཚར་ལོངས་བྱུང་ཡོད། ཁུན་མིང་བུད་མེད་སློབ་འབྲིང་དང་པོའི(ད་ལྟའི་ཁུན་མིང་གྲོང་ཁྱེར་བུད་མེད་སློབ་འབྲིང)མཐོ་འབྲིང་ནས་ཐོན་རྗེས། ཁོང་ཝེ་ཐེ་ནམ་དུ་ལོག་ནས་ཨ་འགོག་རྒྱལ་སྐྱོབ་ཀྱི་འཐབ་རྩོད་ལ་ཞུགས། སྐབས་དེའི་རིང་ཁོང་ཝེ་ཐེ་ནམ་གྱི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བའི་རི་ཁུལ་ལའེ་ཀྲོའུ་ཞིང་ཆེན་དུ་མངགས་ནས་ཝེ་ཐེ་ནམ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་ལོ་ཙཱའི་ལས་དོན་གྱི་འགན་འཁུར་དུ་བཅུག 1975ལོར་ཝུའུ་ཚའེ་ཆུང་ཝེ་ཐེ་ནམ་གྱི་ཕྱི་ཡིག་དཔེ་སྐྲུན་ཁང་(ད་ལྟའི་འཛམ་གླིང་དཔེ་སྐྲུན་ཁང)དུ་ཞུགས་ནས་རྒན་ཡོལ་མ་ཞུས་བར་དུ་རྒྱ་ཡིག་རྩོམ་སྒྱུར་གྱི་འགན་ཁུར་གནང་བ་རེད།

    ལོ་བཅུ་ཕྲག་ཁ་ཤས་རིང་། ཝུའུ་ཚའེ་ཆུང་གིས་ཀྲུང་གོའི་རྩོམ་རིག་བརྩམས་ཆོས་དང་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་བཅུ་ཕྲག་ཁ་ཤས་བསྒྱུར་ནས་ཝེ་ཐེ་ནམ་དང་ཀྲུང་གོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། “ངར་དགའ་བསུ་ཆེན་པོ་ཐོབ་པའི་ཀྲུང་གོའི་བརྙན་འཕྲིན་འཁྲབ་ཚན་མང་པོ་ཝེ་ཐེ་ནམ་གྱི་སྐད་དུ་བསྒྱུར་བའི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད། ད་དུང་ཀྲུང་གོ་ངོ་སྤྲོད་བྱེད་པའི་འབྲེལ་ཡོད་དཔེ་དེབ་བསྒྱུར་བའི་ལས་དོན་ནང་ཞུགས་པ་ཡིན། བརྩམས་ཆོས་དེ་དག་ལ་ཝེ་ཐེ་ནམ་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ནས་ཝེ་ཐེ་ནམ་མི་དམངས་ལ་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཕྱེ་ཡོད” 2005ལོར་ཝུའུ་ཚའེ་ཆུང་ལ་སྐབས་དང་པོའི་ཀྲུང་ཧྭའི་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་ཐོབ་ཡོད། ཝུའུ་ཚའེ་ཆུང་གིས“རིག་གནས་སྤེལ་རེས་ལས་ཝེ་ཀྲུང་མི་དམངས་དབར་གྱི་སེམས་ཐག་སྔར་བས་ཉེ་རུ་ཕྱིན་ནས་ལས་དབང་གཅིག་མཐུན་གྱི་རོགས་ཟླ་བཟང་པོ་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།