ལུའུ་པན་བཟོ་ཁང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་རིགས་སློབ་གསོའི་མཉམ་ལས་ལ་རམ་འདེགས་བྱས་ནས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་པ།
——“འབྱུང་འགྱུར་ཕྱོགས་སུ་བསྐྱོད་པའི་སྒོ་མོ་ཕྱེ་བ”
ཕ་ནོམ་ཕེན་དུ་གནས་པའི་ཁམ་ཕུ་ཁྲེའི་རྒྱལ་བཙུགས་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་ལ་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་ཐོག་སོ་7བྱས་པ་ཞིག་ཡོད་པ་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་ལས་རིགས་སློབ་གསོ་གསོ་སྦྱོང་ལྟེ་གནས་དང་ཁམ་ཕུ་ཁྲེའི་ལུའུ་པན་བཟོ་ཁང་དེ་གར་བཙུགས་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་སློབ་མ་བསྡུ་བའི་ཡིག་རྒྱུགས་གཏོང་བཞིན་ཡོད་པས་སློབ་ཁྲིད་ཐོག་ཁང་དུ་སློབ་མ་མི་ཉུང་བ་ཞིག་འཛོམས་འདུག ཁམ་ཕུ་ཁྲེའི་ལུའུ་པན་བཟོ་ཁང་གི་འགན་འཁུར་བ་ཅི་ཐེ·ལེ་ཝུའུ་ཐེས“སློབ་མ་ཚོས་དེ་གར་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་པ་དང་ལས་ཞུགས་འགན་ལེན་ཡོད་པ་ཤེས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོའི་སློབ་བསྡུའི་གཞི་ཁྱོན་ཇེ་ཆེར་གཏོང་བཞིན་ཡོད”ཅེས་བརྗོད་པ་རེད།
ཁམ་ཕུ་ཁྲེའི་ལུའུ་པན་བཟོ་ཁང་2018ལོར་ཐེན་ཅིན་ཀྲུང་གོ་དང་འཇར་མན་ཉེར་སྤྱོད་ལག་རྩལ་སློབ་ཆེན་གྱི་རྒྱབ་སྐྱོར་འོག་དངོས་སུ་བཙུགས་པ་དང་ཉེ་བའི་ལོ་ཤས་རིང་། ཁམ་ཕུ་ཁྲེའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། “ལུའུ་པན་བཟོ་ཁང་གིས་ཁམ་ཕུ་ཁྲེའི་གཞོན་ནུ་ཚོར་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པའི་སྒོ་མོ་ཕྱེ་ཡོད”ཅེས་ཁམ་ཕུ་ཁྲེའི་རྒྱལ་བཙུགས་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཡོན་ཀྲང་པེན·ཧྥེ་ལུན་གྱིས་བཤད་པ་རེད།
ཐེན་ཅིན་ཀྲུང་གོ་དང་འཇར་མན་གྱི་ཉེར་སྤྱོད་ལག་རྩལ་སློབ་ཆེན་ལུའུ་པན་བཟོ་ཁང་རྣམ་གྲངས་ཀྱི་འགན་འཁུར་བས་གསར་འགོད་པར་ཁམ་ཕུ་ཁྲེའི་ལུའུ་པན་བཟོ་ཁང་གིས་ལས་གྲྭའི་ལག་ལེན་གསར་གཏོད་རྣམ་གྲངས་ཀྱི་སློབ་ཁྲིད་བྱེད་སྟངས་གཙོ་གནད་དུ་བྱས་ནས་སློབ་མའི་གསར་གཏོད་ནུས་པ་དང་དོན་དངོས་བཀོལ་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། རིགས་པའི་གཞུང་ལུགས་དང་དངོས་གཞིའི་སྦྱོང་བརྡར་གཞི་གཅིག་ཅན་གྱི་སློབ་ཁང་22བསྐྲུན་ཡོད་པ་དང་སྒྲིག་ཆས་2000ཙམ་དང་དངོས་སྦྱོང་ལས་གནས་500ལྷག་ཙམ་བཀོད་སྒྲིག་བྱས་ཡོད། མིག་སྔར། ཁམ་ཕུ་ཁྲེའི་ལུའུ་པན་བཟོ་ཁང་གིས་རིམ་རྩིས་བརྒྱབ་ན་ས་གནས་དེ་གར་སློབ་རྒྱུས་སློབ་གསོའི་སློབ་མ་3700ལྷག་ཙམ་གསོ་སྐྱོང་བྱས་པ་དང་སྤྱི་ཚོགས་ཀྱི་མི་སྣ་900ལྷག་ཙམ་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ཐེ་ལན་དང་ལོ་སི་སོགས་མཐའ་འཁོར་རྒྱལ་ཁབ་ལ་སྒོ་མོ་ཕྱེ་ནས་རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུག་ཁུལ་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མ་བརྒྱ་ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།
ཁམ་ཕུ་ཁྲེའི་ལུའུ་པན་བཟོ་ཁང་གིས་ད་དུང་རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུག་ཁུལ་རྒྱལ་ཁབ་ཀྱི་དགེ་རྒན་གསོ་སྦྱོང་གི་འགན་འཁུར་གྱི་ཡོད་པ་དང་། མིག་སྔར་ཁམ་ཕུ་ཁྲེ་དང་། འབར་མ། ཐེ་ལན། ཝེ་ཐེ་ནམ་སོགས་རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུག་ཁུལ་རྒྱལ་ཁབ་4ཡི་མཐོ་སློབ་18ནས་ཡོང་བའི་དགེ་རྒན་94གསོ་སྦྱོང་བྱས་ཡོད་པ་རེད།