“དབན་ལུང་གི་སྙིང་སྟོབས་ནམ་ཡང་ཉམས་མི་སྲིད”
འགྲེམས་ཁང་དུ་ཚོན་ཁྲ་མེད་པའི་འདྲ་པར་རེ་རེ་བཞིན་བསྒྲིགས་པ་དེ་དག་ལས་དབན་ལུང་ཚོགས་འདུ་གྲ་སྒྲིག་བྱེད་པ་ནས་འཚོགས་པའི་བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་བཀོད་པ་དང་། འདྲ་པར་ནང་ཙུང་ལི་ཀྲོའུ་ཨེན་ལའེ་དང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་སྤེལ་རེས་དང་གྲོས་མོལ་གྱི་རྣམ་པ་ལས་ལོ་70ཡི་གོང་གི“མཐུན་སྒྲིལ་དང་། མཛའ་གྲོགས། མཉམ་ལས”བཅས་ཀྱི་གཏམ་རྒྱུད་དེ་བློ་ངོར་འཆར་ཐུབ་ཅིང་། ལྟ་སྐོར་བས་འགྲེམས་པང་མདུན་དུ་ལངས་ཏེ་འདྲ་པར་ལ་ཞིབ་མོར་ལྟ་བཞིན་དུ་མི་སེམས་ལ་གཡོ་འགུལ་ཚད་མེད་ཐེབས་པའི་ལོ་རབས་དེར་ཕྱིར་ལོག་བྱས་པ་ལྟར་སྣང་།
ཉེ་ཆར། དབན་ལུང་ཚོགས་འདུ་འཚོགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི“མཐུན་སྒྲིལ·མཛའ་གྲོགས·མཉམ་ལས—ཀྲོའུ་ཨེན་ལའེ་དང་དབན་ལུང་ཚོགས་འདུའི”བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐར་འཚོགས་པ་རེད། འགྲེམས་སྟོན་ནང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་འདྲ་པར་བརྒྱུད་ཙུང་ལི་ཀྲོའུ་ཨེན་ལའེ་ཡི་དབན་ལུང་ཚོགས་འདུ་འཚོགས་རིང་གི་བྱེད་སྒོ་གཙོ་བོར་ཕྱིར་དྲན་བྱས་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་ལོ་རྒྱུས་དུས་སྐབས་གལ་ཆེན་མངོན་ནས་ལྟད་མོ་བའི་སྣེ་ཁྲིད་དེ་དབན་ལུང་གི་སྙིང་སྟོབས་བསྐྱར་དྲན་བྱས་པ་རེད།
ལོ་དེར་ཙུང་ལི་ཀྲོའུ་ཨེན་ལའེ་དབན་ལུང་གནམ་ཐང་དུ་ཕེབས་འབྱོར་བྱུང་སྐབས་ཧིན་རྡུ་ཉི་ཞི་ཡའི་ཕྱིར་སྡོད་རང་མིའི་སློབ་མས་མེ་ཏོག་འབུལ་བའི་འདྲ་པར་ཞིག་དེ་བས་མངོན་གསལ་དོད་པོ་ཡོད་ཅིང་། “ལོ་70ཡི་གོང་དུ་རང་ཉིད་ལ་ཕྱིར་སྡོད་རང་མིའི་སློབ་མའི་ཚབ་བྱས་ཏེ་ཙུང་ལི་ཀྲོའུ་ཨེན་ལའེ་ལ་མེ་ཏོག་སོས་པ་འབུལ་བའི་བསྐལ་པ་བཟང་པོ་ཐོབ་བྱུང་། ཙུང་ལི་ཀྲོའུ་ཨེན་ལའེ་ཡི་ཕྱག་ཟུང་དྲོ་སྐྱིད་ལྡན་ལ་བྱམས་བརྩེ་ཆེ་བ་ཞིག་འདུག དུས་སྐབས་དེ་ནི་ངས་ཚེ་གང་རིང་བརྗེད་མི་སྲིད”ཅེས་ད་ལོ་ལོ་85ལ་སླེབས་པའི་ལེང་སི་མོའུ་ཡིས་སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་སྔར་བཞིན་དགའ་བ་དཔག་མེད་སྐྱེ་བཞིན་ཡོད། ཁོང་གིས་སྐབས་དེ་དུས་དབན་ལུང་ཚོགས་འདུར་ཞུགས་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ས་ཁུལ་29ཡི་འཐུས་མིའི་དད་མོས་མི་འདྲ་བ་དང་ཤ་རྩི་མི་འདྲ་རུང་། ཐུན་མོང་གི་ཕུགས་འདུན་ཆེད་ཕྱོགས་འགལ་དོར་ནས་མཉམ་དུ་འཛོམས་ཡོད་ཅེས་མྱོང་ཚོར་ཆེན་པོས་བརྗོད་པ་དང“ཐུན་མོང་གི་ཁེ་ཕན་དོན་གཉེར་བྱས་ཚེ་གཞི་ནས་ཞི་བདེ་མཉམ་གནས་ཡོང་ཐུབ་པ་དང་། ཁ་རྩོད་བརྒྱབ་ཚེ་གནད་དོན་ཐག་གཅོད་བྱེད་མི་ཐུབ། དབན་ལུང་གི་སྙིང་སྟོབས་ནམ་ཡང་ཉམས་མི་སྲིད་པ་ངར་ཡིད་ཆེས་བརྟན་པོ་ཡོད་ལ་དབན་ལུང་གི་སྙིང་སྟོབས་དེ་གཞོན་ནུའི་ཁྲོད་མུ་མཐུད་དར་རྒྱས་གོང་འཕེལ་ཐུབ་པའི་རེ་བ་ལྷག་བསམ་ཟོལ་མེད་ངང་འཆང་བཞིན་ཡོད”ཅེས་བརྗོད་པ་རེད།
ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ལུའུ་ཐུང་གིས། དབན་ལུང་ཚོགས་འདུ་ནི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ས་ཁུལ་གྱིས་མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་ཞུགས་མེད་པའི་གནས་ཚུལ་འོག་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྲོས་བསྡུར་བྱེད་པའི་རྒྱལ་སྤྱིའི་ཚོགས་འདུ་ཆེ་གྲས་དང་པོ་དེ་རེད། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཀྲུང་གོའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནུབ་ཕྱོགས་ཀྱི་འགལ་རྐྱེན་བསལ་བ་དང་ཚོགས་ཞུགས་རྒྱལ་ཁབ་དབར་གྱི་གོ་འཛོལ་བསལ་ནས་དབན་ལུང་ཚོགས་འདུའི་རྩ་དོན་ཁག་བཅུ་གྲུབ་པར་སྐུལ་འདེད་བཏང་གནང་བ་རེད། ཚོགས་འདུ་དེས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་སྐུལ་མ་ཆེན་པོ་ཐེབས་ནས་ལྷོ་ལྷོ་མཉམ་ལས་དང་མནའ་འབྲེལ་མི་བྱེད་པའི་ལས་འགུལ་གྱི་དབུ་ཁྱུད་བརྩམས་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་མཐུན་སྒྲིལ་མཉམ་ལས་ཀྱི་ལོ་རྒྱུས་ཀྱི་བྱས་རྗེས་རྡོ་རིང་བཙུགས་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་གནས་ཀྱི་དྲུང་ཆེ་ཧྲི་ཀྲུང་ཅུན་གྱིས་2024ལོ་དང་2025ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ་ཡིན་པ་དང་དེ་ནི་དུས་རབས་གསར་པར་དབན་ལུང་གི་སྙིང་སྟོབས་རྒྱུན་བསྲིང་དང་རྒྱུན་འཛིན་བྱས་པ་ཞིག་རེད། ལོ་མང་རིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཡོད། མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་བརྒྱུད་ཕྱོགས་གཉིས་པོས་མཛའ་གྲོགས་སྔར་བས་སྲ་བརྟན་དུ་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་ཐོག་དབན་ལུང་གི་སྙིང་སྟོབས་མཉམ་དུ་དར་སྤེལ་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།