ཐོན་ལས་དར་སྤེལ་བཏང་ནས་གྲུབ་འབྲས་བཟང་། གྲོང་གསེབ་དར་རྒྱས་བྱུང་ནས་འཚོ་བ་སྐྱིད།
མངའ་རིས་ས་ཁུལ་གྱིས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ།
ཉེ་བའི་ལོ་འགའི་རིང་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་པ་བརྒྱུད་འབྲོང་རྒྱུད་འདེམས་གསོ་རྒྱུད་འཕེལ་གྱི་ཚན་རྩལ་དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འབྲོང་རྒྱུད་ཁྱུ་ཚོགས་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཚན་རྩལ་དང་གྲོང་གསེབ་འཕེལ་རྒྱས་མཉམ་འདྲེས་དམ་ཟབ་ཡོང་བར་སྐུལ་འདེད་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། འདི་ནི་སྒེར་རྩེ་རྫོང་གི་འབྲོང་རྒྱུད་ཐོན་ལས་གླིང་གི་འབྲོང་རྒྱུད་ཡིན་པ། (པར་འདི་དག་ནི་སྒེར་རྩེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ནས་མཁོ་འདོན་བྱས)
འདི་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོའི་མི་ཐབས་རྩྭ་འདེབས་རྟེན་གཞི་ཡིན་པ།
2024ལོར་མངའ་རིས་ས་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་རྒྱང་ལམ་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་བཏང་བས་མི་རྣམས་ཀྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད་པ་སྟེ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ནས་སྒོར་20256ཟིན་ཏེ་འཕར་ཚད་8%ཟིན་པ་དང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་8747ཟིན་ནས་ངལ་ནུས་ཡོང་འབབ་སྒོར་ཁྲི་10456འཕར་བ། གནས་འཕྲོད་ལས་འཚམ་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་40གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་ལ་སོགས། མངོན་གསལ་དོད་པའི་གྲངས་གཞི་དེ་དག་ནི་མངའ་རིས་ས་ཁུལ་གྱི“ཞིང་གསུམ”འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་འགུལ་ངང་ཐེག་པ་ཁུར་ལེན་དང་འགག་སྒྲོལ་དཀའ་སེལ་བྱས་པའི་སེམས་ནུས་དང་རྔུལ་ཆུ་ལས་བྱུང་བ་ཡིན།
ནུས་ཤུགས་གཅིག་སྡུད་ཀྱིས་ཐོན་ལས་དར་སྤེལ་བཏང་ནས་ཞིང་ལས་དང་གྲོང་གསེབ་ཀྱི་རྩ་བ་བརྟན་དུ་བཏང་བ།
2024ལོར་རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོའི་མི་ཐབས་རྩྭ་འདེབས་རྟེན་གཞིས་རྩྭ་སྔོན་ཏུན་420དང་རྩྭ་སྐམ་པོ་ཏུན་250བསྡུས་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་གྱི་ཐབས་ལམ་མུ་མཐུད་རྒྱ་སྐྱེད་བཏང་ཡོད། མི་ཐབས་རྩྭ་འདེབས་རྟེན་གཞི་ཕུད། ལུ་མ་མཁར་གྲོང་ཚོའི་ཁུལ་དཀར་ར་གསོ་ཚགས་ཀྱི་གཞི་ཁྱོན་ཡང་ཆེན་པོ་ཡོད་ཅིང་། ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་དངོས་མང་སྟོན་ཚོགས་ཀྱི“གསེར་གྱི་བྱ་དགའ”སོགས་ཐོབ་མྱོང་།
ཉེ་བའི་ལོ་ཤས་རིང་ལུ་མ་མཁར་གྲོང་ཚོས་ས་མཐོའི་ཁྱད་ལྡན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཁུལ་དཀར་ར་དང་། འོམ་བུ་ཤིང་། མི་ཐབས་རྩྭ་འདེབས། བྱེ་གསེག་ར་བ་སོགས་ཀ་རྟེན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་པས། ལོ་གསུམ་བསྟུད་མར་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་3000ལས་བརྒལ་ཡོད་པ་རེད།
མངའ་རིས་ས་ཁུལ་གྱི་ཁུལ་དཀར་རའི་ཐོན་ལས་གླིང་དང་འབྲོང་ཚ་ཐོན་ལས་གླིང་འཛུགས་སྐྲུན་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ལག་རྩལ་འདེགས་སྐྱོར་ལ་བརྟེན་ནས་གླིང་ཁུལ་འཛུགས་སྐྲུན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། སྒེར་རྩེའི་འབྲོང་ཚ“རྒྱལ་ཡོངས་ཀྱི་གྲགས་ཅན་དང་། དམིགས་བསལ། སྤུས་ལེགས། གསར་པ་བཅས་ཀྱི་ཞིང་ལས་ཐོན་རྫས”ཀྱི་མིང་ཐོའི་ནང་བདེ་བླག་ངང་ཚུད་པ་དང་། སྤུ་ཧྲེང་གི་ཞི་བདེ་ནས་དཀར་དང་རྩྭ་མདའི་ཏི་ཡག་ཀུ་ཤུའི་ལྗང་མདོག་བཟའ་བཅའི་ཁས་ལེན་དཔང་འདོན་ལ་ཐོན་ཁུལ་གྱི་ཁོར་ཡུག་ཞིབ་དཔྱད་ཚད་ལེན་ལེགས་གྲུབ་བྱུང་ཡོད།
དེ་དང་ཆབས་ཅིག་རྒྱུན་མཐུད་ཀྱི་བྱེད་ཐབས་དང་རོགས་སྐྱོར་སྲིད་ཇུས་ལེགས་སྒྲིག་ལེགས་སྒྱུར་བྱས་ནས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་བཏང་སྟེ།“ཞིང་ཕན་eདངུལ་བུན”གཙོ་བོར་བྱས་པའི་ཞིང་དུད་ཀྱི་དངུལ་བུན་རབ་རིམ་སོགས་བསྡོམས་དུད་ཚང་5364ལ་སྒོར་དུང་ཕྱུར་6.06བཏང་བ་དང་། ཡིད་རྟོན་དངུལ་བུན་གྱི་དབུལ་སྐྱོར་གཟིགས་སྐྱོང་སྐྱེད་ཚད་1.08%མུ་མཐུད་ལག་བསྟར་བྱས་ཡོད།
《མངའ་རིས་ས་ཁུལ་གྱི་དངུལ་རྩས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པ་དང་། ས་ཁུལ་ཡོངས་ཀྱི“གཉིས་གཏོད”དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་3.81དང“ཐོན་ལས་ཆེན་པོ་དགུའི”དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་44.92ཟིན་ཞིང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་3274བཏང་བའི་ཞིང་ལས་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་གསུམ་ཚང་མ་ལེགས་གྲུབ་བྱུང་བ་རེད།
ནུས་ཤུགས་གཅིག་སྡུད་ཀྱིས་བཅོས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
2024ལོར། མངའ་རིས་ས་ཁུལ་གྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་རྣམ་པ་གསར་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་གཞི་འཛིན་སར་བྱས་ཏེ“གྲོང་སྲོལ་དམངས་ཆིངས་དང་སྐར་གསོག་ལམ་ལུགས་ཟུང་འབྲེལ”ཁྱབ་སྤེལ་དང་བེད་སྤྱོད་ཤུགས་ཆེན་བྱས་ཤིང་། གཞི་རིམ་བཅོས་སྐྱོང་ལ་མང་ཚོགས་མཉམ་དུ་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རང་སྐྱོང་རྨང་གཞིར་བྱེད་པ་དང་། ཁྲིམས་སྐྱོང་འགན་སྲུང་དུ་བྱེད་པ། ཚུལ་བཞིན་སྐྱོང་བ་ཁྲིད་སྟོན་དུ་འཛིན་པ་བཅས་ཀྱི“བཅོས་སྐྱོང་གསུམ་མཉམ་འདྲེས”ཀྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། དེས་མ་ཟད། མངའ་རིས་ས་ཁུལ་གྱིས་སྒོར་ཁྲི་357.8བཏང་ནས་ལག་ལེན་བསྟར་བའི་མཛེས་སྡུག་གནས་འཕྲོད་གྲོང་ཚོ་དང་དབུལ་སྐྱོར་གནས་སྤོས་བྱ་ཡུལ་11གི་གྲངས་འཛིན་གྲོང་གསེབ་ལས་གྲྭ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་མིག་སྔར་གཞི་རྩའི་ཆར་ལེགས་གྲུབ་བྱུང་བ་དང་། དེས་གྲངས་འཛིན་གྲོང་གསེབ་ཡོངས་སུ་ཁྱབ་རྒྱུར་ཉམས་མྱོང་བསགས་ཤིང་། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱས་ཡོད་པ་རེད།
ནུས་ཤུགས་གཅིག་སྡུད་ཀྱིས་རྨང་གཞིར་དམ་འཛིན་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ།
2024ལོར། མངའ་རིས་ས་ཁུལ་ཀྱིས་ཁྱོན་ཡོངས་ནས་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་1.95བཏང་ནས་བསྐྲུན་པའི་གནས་འཕྲོད་ལས་འཚམ་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་10ཚང་མ་ལས་འགོ་ཚུགས་པ་དང་། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ཉམས་གསོ་བདག་སྐྱོང་སོགས་རྨང་གཞིའི་སྒྲིག་བཀོད་སྲ་བརྟན་དང་ལེགས་གཏོང་གི་རྣམ་གྲངས་71ལག་ལེན་བསྟར་བ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་162.6ལ་ཨར་འདམ་བཏིང་བ་དང་ཆུ་སྦུག་སྤྱི་ལེ་58.05གསར་པ་བཏིང་བ། མ་དངུལ་སྒོར་དུང་ཕྱུར་1.57བཏང་ནས་ལག་ལེན་བསྟར་བའི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་རྣམ་གྲངས་19ཚང་མ་ལས་འགོ་ཚུགས་པ། དུད་ཚང་གི་གསང་སྤྱོད་351སྒྱུར་བཀོད་བྱས་པ་དང་འབྲེལ་དུད་ཚང་གི་གསང་སྤྱོད་ཡིག་ཚགས་ཀྱང་བཟོས་པ་བཅས་རེད།
“གཙང་སེལ་བཞི་དང་སྒྱུར་བཀོད་གཉིས”གཙོ་གནད་དུ་བྱས་པའི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་དང་རྫོང་ཁག་སྒྲིག་འཛུགས་བྱས་ནས་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་གཅིག་སྡུད་ངང་སྤེལ་བས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
དེ་དང་ཆབས་ཅིག“ནང་དུ་འདྲེན་པ”དང“ཕྱིར་སྐྱོད་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་པའི་དཔུང་ཁག་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་ལས་བྱེད་པའི་ཆབ་སྲིད་ཀྱི་ཚུགས་གནས་དང་། བསམ་བློའི་ངོས་འཛིན། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད། ལས་ཀའི་འཇོན་ཐང་བཅས་ནུས་ལྡན་ངང་མཐོ་རུ་བཏང་སྟེ། རིམ་ཁག་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་ལས་བྱེད་པ་རིམ་བཞིན“ཞིང་གསུམ”ལས་དོན་གྱི་འཇོན་ཐང་ཅན་དུ་འགྱུར་བར་བྱས་ཡོད།