ཁ་གཏད་རོགས་སྐྱོར་བྱས་པར་འབྲས་བཟང་ཐོབ། འབད་འབུངས་མདུན་སྐྱོད་བྱས་ནས་སླར་ཡང་ཐོན།
—— ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ལྷོ་ཁ་གྲོང་ཁྱེར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་རམ་འདེགས་བྱས་པ།
2024ལོ་ཚུན་དུ། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ཀྲུང་དབྱང་གི་དགོངས་དོན། ཧུའུ་པེ་ཞིང་ཆེན་གྱི་ཉམས་མྱོང་བཅས་ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་ཁག་དང་མི་རིགས་ཁག་གི་མང་ཚོགས་ཁྲོད་དུ་དོན་འཁྱོལ་བྱས་ཡོད།
མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།
2024ལོ་ཚུན་དུ། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་ས་དེ་ལྷོ་ཁའི་དམངས་འཚོའི་དགོས་མཁོའི་ཐོག་གཅིག་སྡུད་བྱས་ཤིང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལེགས་ཆ་རྒྱུན་ཆད་མེད་པར་བཏོན་ཏེ་སློབ་གྲྭར་འགྲོ་བ་དང་། ནད་བསྟེན་པ། ལས་ཀར་ཞུགས་པ་སོགས་མང་ཚོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་ཡག་པོ་བྱས་ཡོད།
སློབ་གསོའི་ལས་དོན་ཐད། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་ཏུང་ཧུའེ་སློབ་འབྲིང་གི་སློབ་གྲྭའི་ཉལ་ཁང་སྒྱུར་བཀོད་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་དགེ་སློབ་ཚོར་ལས་ཀ་དང་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད།
བདེ་ཐང་བྱ་གཞག་ཐད། ཧུའུ་པེ་ཞིང་ཆེན་གྱི་སྨན་ཁང་མང་པོ་ནས་ཡོང་བའི་བོད་སྐྱོར་སྨན་བཅོས་རུ་མིས་ལྷོ་ཁར་འཛོམས་ནས་ལྷོ་ཁའི་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚན་ཁག་གི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ། ས་ཆ་དེ་གའི་སྨན་བཅོས་དཔུང་ཁག་ལ་བརྒྱུད་རོགས་ཁྲིད་གསུམ་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོབ་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.2བཏང་བའི་ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་སྔོན་འགོག་བདེ་སྲུང་ཕྱོགས་བསྡུས་ཐོག་ཁང་དེ་2025ལོའི་ཟླ་5པར་སྤྱོད་འགོ་ཚུགས་རྒྱུ་དང་། ལྷོ་བྲག་རྫོང་མི་དམངས་སྨན་ཁང་གི་ཚད་གཞི་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དབང་པོ་ལྔའི་ཚན་ཁག་སྒྱུར་བཀོད་དང་། མཐོ་གནོན་གསོ་རླུང་རྔུབ་ཁང་། ཁྲག་མཛོད་ལྟེ་གནས་སོགས་འཛུགས་སྐྲུན་རྣམ་གྲངས་སྤྱོད་འགོ་ཚུགས་ཉེར་ཡོད་པ། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ངག་སློབ་དཔེ་སྟོན་བྱེད་པ་དང་འབྲེལ། ལས་ཀས་སྦྱོང་བརྡར་གྱི་ཚབ་བྱེད་པའི་བྱ་ཐབས་བརྒྱུད། ལྷོ་ཁའི་སྨན་བཅོས་དཔུང་ཁག་ལ་རང་ངོས་ཀྱི་ཆེད་ལས་འཇོན་ཐང་གི་ཆུ་ཚད་མཐོ་རུ་གཏོང་རོགས་ནུས་ལྡན་བྱས་ཡོད།
ལས་ཞུགས་ཐད། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཕྱོགས་མང་མཐུན་སྦྱོར་གྱིས་ལས་གནས་གསར་སྤེལ་བྱས་ཏེ་ཁྲོམ་ར་ཅན་གྱི་ལས་ཞུགས་བོད་སྐྱོར་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་བཏང་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་གྱིས་ལོ་ལྟར་ལྷོ་ཁ་གྲོང་ཁྱེར་ལ་གཞུང་ཞབས་པའི་ལས་གནས་15དང་། བྱ་གཞག་ཚན་པའི་ལས་གནས་60 ཁེ་ལས་ཀྱི་ལས་གནས་2000ཡན་བཅས་མཁོ་འདོན་བྱས་དང་བྱེད་མུས་རེད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་བསྣན་པ།
2024ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཐོན་ལས་བོད་སྐྱོར་གྱི་སྲོལ་རྒྱུན་ལེགས་ཆ་རྒྱུན་མཐུད་འདོན་སྤེལ་ཡག་པོ་བྱས་ཐོག ཐོན་ཁུངས་ལ་བརྟེན་ནས་ཚོང་འགུགས་དང་། དགོས་མཁོར་བརྟེན་ནས་ཚོང་འགུགས། ཚོང་ལས་ལ་བརྟེན་ནས་ཚོང་འགུགས་བཅས་བརྒྱུད་ཐོན་ལས་འཁོར་འབྲེལ་རྒྱ་སྐྱེད་དང་སྟོབས་ཆེར་བཏང་སྟེ། ས་མཐོའི་ཁྱད་ཆོས་དང་འཚམ་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལམ་བུ་ཞིག་བཏོད་ཡོད།
སྲོལ་རྒྱུན་གྱི་ལེགས་ལྡན་ཐོན་ལས་ཀྱིས་མུ་མཐུད་ནུས་ཤུགས་བཏོན་པ། ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་170ཙམ་བཏོད་པ་དང་། དཔྱ་ཁྲལ་སྒོར་དུང་ཕྱུར་22འཇལ་བ། མི་750ལས་ཞུགས་ཐུབ་པར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། ལྷོ་ཁའི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་དང་པོ་སྟེ། བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སི་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་ལོ་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.7ཟིན་རྒྱུ་ཡིན་པ་རེད།
ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ། ཧུའུ་པེ་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་དང་སུའོ་ཡིས་ལྷོ་ཁར་ཞིང་ལས་ལོ་ཏོག་འདེབས་གསོ་དང་། ཕྱུགས་རིགས་དང་ཁྱིམ་བྱ་གསོ་སྤེལ། སྐྱེ་དངོས་ཕྲ་རབ་སྐྱུར་སྙོལ། ས་མཐོའི་ནད་གཞི་སྐྱོབ་བཅོས་སོགས་བཀོལ་སྤྱོད་བྱས་པར་གྲུབ་འབྲས་མང་པོ་ཐོབ་ཅིང་། རིམ་རྩིས་བརྒྱབ་ན་ལས་སྒོ་གསར་པ་དང་ལག་རྩལ་གསར་པ་122ཁྱབ་གདལ་བཏང་བ་དང་། བོད་ལྗོངས་ཧུང་ནུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་སྐྱེ་ལྡན་ལུད་ཐོན་སྐྱེད་དང་རྒྱ་ཚ་རྫོང་གི་ཤིང་འབྲས་ལན་མེའི་ས་བོན་འདེབས་གསོ་བྱེད་རིང་གནས་པའི་གནད་དོན་ལ་དམིགས་ཏེ། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཞིང་ལས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ལག་རྩལ་འགག་སྒྲོལ་བྱས་ཡོད།
རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བསྲུངས་ནས་མཐའ་དར་དམངས་ཕྱུག་དང་ཡུན་རིང་བདེ་འཁོད་ཡོང་བར་རམ་འདེགས་བྱས་པ།
ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་བོད་སྐྱོར་རྣམ་གྲངས་དང་། ཐོན་ཁུངས། ལག་རྩལ་བཅས་ཐག་རིང་གྲོང་གསེབ་ཏུ་ཁྱབ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། རུ་མི་ཚོས་མཐའ་མཚམས་ཀྱི་རི་ཀླུང་ཚང་མར་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ས་མཐོའི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་དང་དེ་བཞིན་གཞི་རིམ་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་བྱས་ཡོད།
གཞན་ཡང་། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་མང་ཚོགས་ལྷད་མེད་བརྩེ་བས་བསྐྱངས་ཤིང་། བོད་སྐྱོར་དགེ་རྒན་མི་རེ་ངོ་རེས་ལྷོ་ཁ་གྲོང་ཁྱེར་ཕན་བདེ་ཁང་གི་ཕྲུ་གུ་རེ་ལ་རོགས་རམ་བྱེད་པ་དང་། གཟའ་འཁོར་རེར་ཟུར་ཁྲིད་ཐེངས་རེ་བྱེད་པ། ཟླ་རེར་སྙིང་གཏམ་ཤོད་རེས་དང་གླེང་མོལ་ཐེངས་རེ་བྱེད་པ། དུས་ཚིགས་རེར་མཉམ་སྡེབ་ཀྱི་སྤྲོ་འཕེལ་བྱེད་སྒོ་ཐེངས་རེ་སྤེལ་བ། སློབ་དུས་རེར་ལག་རྟགས་རེ་སྤྲོད་པ་བཅས་ཀྱི་ཐོག་ནས་ཕྲུ་གུ་ཚོ་བརྩེ་དུང་ཟབ་མོས་བསྐྱངས་ཡོད།
ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་བོད་སྐྱོར་རུ་མིས་མཐའ་མཚམས་དང་། ཞིང་འབྲོག་སྡེ་ཁུལ། ཆུ་ཤུགས་གློག་ཁང་། སློབ་གྲྭ་སོགས་སུ་བསྐྱོད་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་མ་ཟད། གཟུགས་པོ་ཐང་པོ་མེད་པའི་རྒན་རྒོན་ལ་རང་འགུལ་ངང་བརྟག་དཔྱད་དང་སྨན་བཅོས་ཀྱང་བྱས་ཡོད།
ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རུ་དཔོན་བཅས་ཡིན་པའི་ཝང་ཡུན་ཆིང་གིས། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་རེད། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་བོད་སྐྱོར་གྱི་ཐོག་མའི་བསམ་འདུན་མུ་མཐུད་བློ་ལ་བརྟན་པོར་ངེས་པ་དང་བོད་སྐྱོར་གྱི་འགན་འཁྲི་ལག་ལེན་བསྟར་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།