དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་པེའི་བུ་ཕྲུག་ས་མཐོར་རྩ་བ་ཚུགས། རྒྱ་བོད་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།

    —— ཧུའུ་པེའི་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲོའུ་ཅེ་ཡིས་བོད་དུ་ལེགས་སྐྱེས་ལོ་སུམ་ཅུ་ཕུལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    2024ལོ་ནི་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་རེད། འདས་ཟིན་པའི་ལོ་སུམ་ཅུའི་ནང་དམངས་གཉེར་ཁེ་ལས་གྲངས་མེད་ཀྱིས་བོད་ལ་རོགས་སྐྱོར་བྱས་པའི་ཁྲོད་ཀྲོའུ་ཅེ་ཟེར་བའི་ཧྲུའུ་པེའི་ཕོ་གཞོན་ཞིག་གིས་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཆེ་ཤོས་ཀྱི་ལོ་30ཕངས་སེམས་སྤུ་ཙམ་ཡང་མེད་པར་ས་ཆ་འདིར་ལེགས་སྐྱེས་ཕུལ་ཡོད།

    ལོ་30ཡི་གོང་། འབྱུང་འགྱུར་ལ་རེ་སྒུག་དང་གསར་གཏོད་ཀྱི་སྙིང་སྟོབས་བཅངས་པའི་ཀྲོའུ་ཅེ་རྒྱ་ཆེ་ཞིང་འགྲན་སློང་གིས་ཁེངས་པའི་ས་མཐོར་བློ་ཐག་གཙང་བཅད་ཀྱིས་ཡོང་། བོད་དུ་ཐོག་མར་སླེབས་སྐབས་ཁོང་ལ་བསམ་ཡུལ་ལས་འདས་པའི་དཀའ་ངལ་མང་པོ་འཕྲད་ཡོད། རང་བྱུང་གི་ཁོར་ཡུག་ཞན་པ་དང་། གསོ་རླུང་དཀོན་པ། རིག་གནས་གོམས་སྲོལ་དང་ཚོང་ལས་ཁོར་ཡུག་གཏན་ནས་མི་འདྲ་བ་བཅས་ནི་འགོག་རྐྱེན་ཆེན་པོ་ཞིག་ཡིན་པ་སྨོས་མེད་རེད། ཡིན་ནའང་ཀྲོའུ་ཅེ་ཡིས་ཕྱིར་བཤོལ་གཏན་ནས་བརྒྱབ་མེད། ཁོང་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་དམངས་འཚོའི་དགོས་མཁོར་རྒྱུས་མངའ་ཟབ་མོ་ལོན་པ་དང་ཚོང་ལས་ཀྱི་གོ་སྐབས་བཟང་པོར་བརྟེན་ནས་ལས་གཏོད་བྱེད་འགོ་བརྩམས།

    ལོ་མང་རིང་ཀྲོའུ་ཅེས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་ནས་རོགས་རམ་བྱེད་དགོས་པའི་མི་ཚང་མར་གཅེས་སྐྱོང་དང་དྲོ་སྐྱིད་སྦྱིན་ཡོད། སློབ་གསོས་ས་ཁུལ་ཞིག་གི་འབྱུང་འགྱུར་ལ་འགྱུར་ལྡོག་དངོས་སུ་གཏོང་ཐུབ་པ་ཁོང་གིས་གསལ་པོར་ཤེས་ཀྱི་ཡོད། དེས་ན་ཁོང་གིས་སེམས་པ་གཞོན་ནུར་འཆང་བ་དང་གཞོན་ནུར་ཐུགས་ཁུར་བྱས་ཏེ་སློབ་ལ་བརྩོན་ཡང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་མང་པོ་ཞིག་ལ་རོགས་སྐྱོར་བྱས་ནས། སྤྱོད་ཡོན་གཉིས་ལྡན་གྱི་ཕྲུ་གུ་ཚོར་སློབ་སྦྱོང་ཧུར་ཐག་དང་ཕུགས་འདུན་དོན་གཉེར་བྱ་རྒྱུའི་སྐུལ་ལྕག་ཀྱང་བྱས་ཡོད།

    ཧུའུ་པེ་བ་ཞིག་ཡིན་པའི་ཀྲོའུ་ཅེས་ཧུའུ་པེའི་ཕ་ཡུལ་གཅིག་པ་ཚོ་དང་མཉམ་དུ་བོད་ལ་ཧུའུ་པེའི་ཚོང་ཚོགས་བཙུགས་པ་རེད།

    བོད་དུ་ལས་ཀ་བྱེད་རིང་། སྤྱི་ཚོགས་རྩ་འཛུགས་ཀྱི་བྱ་གཞག་ཐད་ལའང་ཀྲོའུ་ཅེའི་ཕུལ་བྱུང་གི་འགོ་ཁྲིད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་མངོན་ཡོད། ཁོང་གིས་ཧུའུ་པེ་དང་བོད་དབར་གྱི་དཔལ་འབྱོར་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཚོང་ཚོགས་ཀྱི་ལས་སྟེགས་བརྒྱུད་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་ས་གནས་གཉིས་ཀྱི་ཁེ་ལས་དབར་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། དེ་དང་ཆབས་ཅིག་ཀྲོའུ་ཅེས་ཧུའུ་པེ་ཞིང་ཆེན་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་དང་ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་དང་བཅུ་པ་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་ཧྭ་ཤིན་ཨར་འདམ་བཟོ་གྲྭ་དང་། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ། འཕྱོངས་རྒྱས་རྫོང་། ཡུལ་སྨད་ཤང་བཅས་དང་དེ་བཞིན་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་སློབ་སྦྱོང་བྱས་པ་དང་ཆབས་ཅིག འོས་འགན་འཁྲབ་སྟོན་དང་འོས་འགན་སྨན་བཅོས་སོགས་ཀྱི་བོད་སྐྱོར་བྱེད་སྒོ་ཡང་སྤེལ་བ་རེད།

    ཀྲོའུ་ཅེ་བོད་དུ་སྡོད་རིང་ནི་སྤྱིར་བཏང་གི་མི་ཞིག་ནས་ཁེ་ལས་མཁས་པ་ཞིག་ཏུ་འགྱུར་བའི་བརྒྱུད་རིམ་ཞིག་རེད། དམངས་གཉེར་ཁེ་ལས་མཁས་པ་ཞིག་ཡིན་པའི་ཁོང་གིས་ཚོང་དོན་ལ་འབད་བརྩོན་ཧུར་ཐག་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་དང་བོད་ལྗོངས་དར་རྒྱས་ཟུང་འབྲེལ་དམ་ཟབ་བྱས་ཡོད། ཁོང་གིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཧུའུ་པེ་དང་བོད་དབར་གྱི་དཔལ་འབྱོར་དང་། སློབ་གསོ། རིག་གནས། སྨན་བཅོས་སོགས་ཐད་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ས་གནས་གཉིས་ཀྱི་མི་དམངས་དབར་གྱི་བརྩེ་བ་ཟབ་ཏུ་བཏང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    འབྱུང་འགྱུར་ཀྲོའུ་ཅེ་ལྟ་བུའི་དམངས་གཉེར་ཁེ་ལས་མཁས་པ་དེ་བས་མང་བ་ཐོན་ནས་དུས་རབས་གསར་པའི་བོད་སྐྱོར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། བོད་ཀྱི་དར་རྒྱས་དང་གོང་འཕེལ་ལ་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།