ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས།
དྲ་མིག་པར་ཆེད་སྤྱོད་གློག་སྒུལ་སྦག་སྦག་སྤྲད་ནས་རྒྱུན་གཏན་ཞབས་ཞུའི་ལས་ཕྱོད་ཆེ་རུ་བཏང་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དུ་དྲ་མིག་པའི་ཆེད་སྤྱོད་གློག་སྒུལ་སྦག་སྦག་སྤྲོད་པའི་མཛད་སྒོ་འཚོགས་ནས་གློག་སྒུལ་སྦག་སྦག་གསར་པ་50ཁོངས་གཏོགས་ཁུལ་གྱི་གྲོང་ཚོ(སྡེ་ཁུལ)ཁག་གི་དྲ་མིག་པར་རྩིས་སྤྲད་པ་རེད། ད་ཐེངས་སྤྲད་པའི་གློག་སྒུལ་སྦག་སྦག་དག་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བར་གཙོ་བོར་སྤྱད་དེ། དྲ་མིག་པས་རྒྱུན་གཏན་གྱི་སྐོར་ཞིབ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། དམངས་འཚོར་ཞབས་འདེགས་ཞུ་བའི་ལས་དོན་བཅས་ཡག་པོ་སྤེལ་བར་རམ་འདེགས་བྱ་རྒྱུ་རེད།
གཞི་རིམ་བཅོས་སྐྱོང་ཞིབ་ཚགས་ཅན་ཡོང་བར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ད་ཐེངས་སྤྲད་པའི་གློག་སྒུལ་སྦག་སྦག་ལས་དྲ་མིག་པ་དུད་ཚང་དུ་འདྲི་རྟོག་བྱེད་པར་སྐྱོད་པ་དང་ཡུག་ཁུལ་དུ་སྐོར་ཞིབ་བྱེད་རིང་འཕྲད་པའི་འགྲིམ་འགྲུལ་གྱི་དཀའ་གནད་སེལ་ཐུབ་རྒྱུ་རེད། ཁྲོམ་གཞུང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁོངས་གཏོགས་ཁུལ་དུ་ཁུལ་ཆུང་རྙིང་པ་དང་སྲང་ལམ་ཆེ་ཆུང་མང་བས་དེ་སྔོན་དྲ་མིག་པ་རྐང་ཐང་དུ་སྐྱོད་སྐབས་དུས་ཚོད་མང་པོ་འགོར་བའི་ཁར་དཀའ་ལས་ཀྱང་ཁག་པོ་ཡོད། ཆེད་སྤྱོད་གློག་སྒུལ་སྦག་སྦག་སྤྲད་རྗེས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་བསྡུ་རུབ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་སྒྲུབ་པའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་འགྲོ་ངེས་རེད་ལ། ལྷག་པར་དུ་ཐག་རིང་ཁུལ་ཁོངས་དང་ཛ་དྲག་དོན་རྐྱེན་འཕྲལ་དུ་ཐག་གཅོད་བྱེད་པར་སྟབས་བདེ་བསྐྲུན་ཐུབ་རྒྱུ་རེད།