དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོའི་དུས་ཚིགས་དང་པོར་བོད་ཀྱི་དཔལ་འབྱོར་དམིགས་ཚད་ཁག་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

    ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་717.21བྱུང་བ་དེ་དུས་མཚུངས་ལས་7.9%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-04

    ཉེ་ཆར། གསར་འགོད་པས་2025ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འདི་ལོ་ཚུན་དུ། རང་ལྗོངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་འགོ་ཚུགས་ལེགས་པོ་དང་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་པོ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། 2025ལོའི་དུས་ཚིགས་དང་པོར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་717.21བྱུང་བ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་7.9%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་19.67ཟིན་ནས་དུས་མཚུངས་ལས་10.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་287.05ཟིན་ནས་12.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་410.49ཟིན་ནས་5.4%འཕར་བ་བཅས་རེད།

    གླེང་རིན་ཡོད་པ་ཞིག་ནི་2025ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“དཔལ་འབྱོར་བརྩོན་ལེན་དང་འཕེལ་རྒྱས་དམ་འཛིན་བྱེད་པའི”ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། དཔལ་འབྱོར་དམིགས་ཚད་ཁག་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་7.9%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.5ཡིས་མཐོ་བ་དང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་27.7%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་23.5ཡིས་མཐོ་བ། དམངས་ཁྲོད་མ་འཇོག་བྱེད་ཚད་དུས་མཚུངས་ལས་46.4%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་46.0གྱིས་མཐོ་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་17.9%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་11.4ཡིས་མཐོ་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་11.1%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.5ཡིས་མཐོ་བ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་8.1%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.6གིས་མཐོ་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་7.0%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.1གིས་མཐོ་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་8.1%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.9ཡིས་མཐོ་བ་བཅས་ཡོད་པ་རེད།

    འདི་ལོ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ན་ནིང་ཚུན་དུ་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་མཐུད་ཐུབ་པ་དང་། དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་མཐུད་རྒྱ་སྐྱེད་བྱུང་སྟེ། དུས་ཚིགས་དང་པོའི་GDPའཕར་ཚད་ལོ་གོང་མའི་ལོ་ཧྲིལ་པོའི་6.3%ལས་བརྒྱ་ཆའི་གྲངས་1.6གིས་མཐོ་རུ་ཕྱིན་ཡོད། མ་འཇོག་སྐུལ་སྤེལ་སྟོབས་ཤུགས་ཆེ་ཞིང་། དམངས་ཁྲོད་མ་འཇོག་མགྱོགས་མྱུར་འཕར་བའི་གྲངས་གཞི་དེ་བས་མངོན་གསལ་དོད་པོ་ཡོད་པ་དེ་ཐོག་ནས་ཁྲོམ་རའི་ཐོག་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་ཁས་ལེན་གང་ལེགས་བྱས་པ་མཚོན་གྱི་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བའི་ར་སྤྲོད་དངོས་ཤིག་ཡིན་པ་ལས། ལས་གཏོད་པ་དེ་བས་མང་བ་ས་མཐོར་ཡོང་བའི་ཡིད་དབང་བཀུག་ཡོད། རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་ཐོན་ལས། འགྲིམ་འགྲུལ་ཐོན་ལས་བཅས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སླར་གསོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།