《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
དུས་རབས་གསར་པའི་གཞོན་ནུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་བློ་སྟོབས་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་རྒྱུར་སྐུལ་ལྕག་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་9པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དུས་རབས་གསར་པའི་གཞོན་ནུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་བློ་སྟོབས་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་རྒྱུར་སྐུལ་ལྕག་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
རྩོམ་ཡིག་ནང་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་གཞོན་ནུའི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་འཕོ་འགྱུར་གཏིང་ཟབ་བྱུང་ནས། ཏང་གིས་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་དང་། སྡེ་ཚོགས་ཀྱི་རང་ཚུགས་ཀྱི་རྩ་བ་དང་ཆབ་སྲིད་ཀྱི་བླ་སྲོག་སྔར་བས་བརྟན་དུ་ཕྱིན་པ། གུང་གཞོན་སྡེ་ཚོགས་ལས་དོན་གྱི་ཁ་ཕྱོགས་དང་ལས་འགན་དེ་བས་ཁ་གསལ་བྱུང་བ། སྡེ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་དེ་བས་མངོན་གསལ་དོད་དུ་ཕྱིན་པ། སྡེ་ཚོགས་ལས་བྱེད་པའི་བསམ་བློའི་སྤྱོད་ཚུལ་དང་། ལས་ཀའི་སྤྱོད་ཚུལ། འཚོ་བའི་སྤྱོད་ཚུལ་བཅས་དེ་བས་དགེ་མཚན་ལྡན་ཞིང་སྐྱོན་བྲལ་དང་ཡར་བརྩོན་བྱུང་ནས། རྒྱ་ཆེའི་གཞོན་ནུ་ཚོགས་པའི་ཁྲོད་གཟུགས་བརྙན་གསར་རྐྱང་ཞིག་བཏོད་ཡོད། གུང་གཞོན་སྡེ་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས། རྒྱ་ཆེའི་སྡེ་ཚོགས་དང་གཞོན་ནུ་སྒྲིག་འཛུགས་བྱས་ཏེ་དེའི་ནང་ཧུར་ཐག་ཞུགས་པ་དང་། འགན་འཁྲི་ལྕི་པོ་འཁུར་བ། འཐབ་ས་མདུན་མར་སྐྱོད་པ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོ་གཞོན་ནུའི་བློ་སྟོབས་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད། ཏང་ཀྲུང་དབྱང་གིས་གུང་གཞོན་སྡེ་ཚོགས་དང་རྒྱ་ཆེའི་གཞོན་ནུ་རྣམས་ལ་ཡིད་ཆེས་བརྟན་པོ་བྱེད་པ་དང་རེ་བ་ཟབ་མོ་བཅོལ་ཡོད།
རྩོམ་ཡིག་ནང་བསྟན་དོན། སྡེ་ཚོགས་ཀྲུང་དབྱང་དང་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གིས་དཀྲིས་པའི་ལས་འགན་དང་འགན་འཁྲི་ཕྲག་ཏུ་ཏན་ཏིག་ཁུར་དགོས་ཤིང་། དུས་རབས་གསར་པའི་གཞོན་ནུའི་ལས་འགུལ་གྱི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས་པ་དང་། ཏང་གི་ལྟེ་བའི་ལས་འགན་དེ་ཀྲུང་གོ་གཞོན་ནུའི་ལས་འགུལ་དང་གཞོན་ནུའི་ལས་དོན་གྱི་བརྗོད་དོན་གཙོ་བོ་དང་ཁ་ཕྱོགས་སུ་བརྩིས་པ་དེ་ནི་ལོ་100ལྷག་ཙམ་རིང་ཀྲུང་གོ་གཞོན་ནུ་ལས་འགུལ་དང་གཞོན་ནུའི་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ཞིག་རེད། གུང་གཞོན་སྡེ་ཚོགས་ཀྱིས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ལས་དོན་སྤེལ་དགོས། ཆེས་རྒྱ་ཁྱབ་ངང་གཞོན་ནུ་མཐུན་སྒྲིལ་དང་། སྒྲིག་འཛུགས། སྐུལ་སློང་བཅས་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོར་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་སྐུལ་ལྕག་བྱེད་པ་དང་རྒྱལ་སྟོབས་འཕེལ་བར་ང་ཡི་ལང་ཚོ་སྐྱེས་སུ་འབུལ་བའི་སེམས་ཤུགས་འཕེལ་བར་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་གདོང་ལེན་རུ་ཁག་དང་འཕྲལ་སྒྲུབ་རུ་ཁག་བྱེད་ཕོད་པར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། གུང་གཞོན་སྡེ་ཚོགས་ནི་གཞོན་ནུ་སྐྱོན་བྲལ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་སློབ་གྲྭ་ཞིག་ཡིན་པ་དང་། ཆབ་སྲིད་རང་བཞིན་ནི་གུང་གཞོན་སྡེ་ཚོགས་ཀྱི་ངོ་བོ་དང་པོ་དེ་རེད། རྒྱ་ཆེའི་གུང་གཞོན་ཚོགས་མི་དང་གཞོན་ནུའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་ཨང་དང་པོར་བཞག་ནས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ། ཏང་ལ་སྐྱོན་བྲལ་དང་གསོན་ཤུགས་ལྡན་པའི་གཞོན་ནུ་གསར་པ་ཟམ་མི་ཆད་པར་གསོ་སྐྱོང་བྱེད་དགོས། གུང་གཞོན་ཚོགས་མི་དང་གཞོན་ནུ་ཚོར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱེད་པ་དང་། ཚན་རིག་དང་མཐུན་པའི་བསམ་བློ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ། དེའི་ནང་འདུས་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་མཁས་པོ་བཅས་བྱས་ནས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལ་གོ་བ་ལོན་ཚད་ཆེ་རུ་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། གུང་གཞོན་སྡེ་ཚོགས་དང་སྡེ་ཚོགས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཤིང་། སྡེ་ཚོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་སྟེ་སྡེ་ཚོགས་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་ནན་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་ལམ་བུར་ཡག་པོ་སྐྱོད་པ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བ་བཅས་བྱས་ནས། སྡེ་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། ཞབས་འདེགས་ཞུ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རིམ་གྱི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྡེ་ཚོགས་རྩ་འཛུགས་ཀྱི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གཞོན་ནུ་མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། གོང་འོག་མཉམ་འགུལ་མཐའ་འཁྱོངས་བཅས་བྱས་ནས། སྡེ་ཚོགས་ཡོངས་ཀྱིས་གཞི་རིམ་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཧྲིལ་པོ་ཞིག་ཆགས་པར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གིས་གཞོན་ནུར་དོ་དམ་བྱེད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་ཏང་གི་འགོ་ཁྲིད་འོག་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ཐོག་ནས་གཞོན་ནུའི་འཕེལ་རྒྱས་བྱ་གཞག་གི་ལས་ཀའི་རྣམ་པ་གཏོད་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གུང་གཞོན་སྡེ་ཚོགས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་ངང་གཞོན་ནུའི་གྲོགས་པོ་བློས་ཐུབ་དང་གཞོན་ནུ་མང་ཚོགས་ཀྱི་སྣེ་ཁྲིད་པ་ཞིག་བྱེད་དགོས།