ཞི་ཅིན་ཕིང་གིས་ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར་པའེ་ཐཱ་ཆུས་ཀྱི་ཟ་ཁང་ཞིག་ལ་མེ་སྐྱོན་ཐོན་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།
ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་རྐྱེན་ལམ་དུ་ཤོར་མཁན་གྱི་རྗེས་འཇུག་ཡག་པོ་སྒྲུབ་པ་དང་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས།
ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་29ཉིན་གྱི་ཆུ་ཚོད་12དང་སྐར་མ་25ལ། ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར་པའེ་ཐཱ་ཆུས་སན་ལི་ཀྲོང་གི་རང་གནས་ཁང་ཚབ་ཉེ་འགྲམ་གྱི་ཟ་ཁང་ཞིག་ལ་མེ་སྐྱོན་ཐོན་ཞིང་། ཆུ་ཚོད་14བར་ལས་འཛོལ་དེའི་ནང་མི་22རྐྱེན་ལམ་དུ་ཤོར་བ་དང་མི་3ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ལས་འཛོལ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ཞིང་། ཁོང་གིས། ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར་པའེ་ཐཱ་ཆུས་ཀྱི་ཟ་ཁང་ཞིག་ལ་མེ་སྐྱོན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དེ་ནི་སྣ་སུན་ཧ་ཅང་ཆེན་པོ་ཞིག་རེད། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་རྗེས་འཇུག་དང་ཁོང་ཚོའི་ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། རྒྱུ་རྐྱེན་གང་མགྱོགས་རྩད་གཅོད་བྱས་ནས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། “ལྔ་གཅིག”གུང་གསེང་འཆར་ལ་ཉེ་བས། མང་ཚོགས་ཡུལ་སྐོར་དང་ཕྱོགས་ལ་ཐོན་མཁན་མང་དུ་འགྲོ་བ་དང་གུང་གསེང་གི་བྱེད་སྒོ་མང་བར་བརྟེན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་བྱས་ཏེ་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་སྲུང་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ནུས་ཤུགས་ཡོད་རྒུས་མི་སྣ་སྒྲིག་འཛུགས་བྱས་ཏེ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་ཆབས་ཅིག ལས་འཛོལ་ཐོན་རྐྱེན་གང་མགྱོགས་རྩད་གཅོད་གསལ་པོ་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། “ལྔ་གཅིག”རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ལས་དོན་ཨུ་ལྷན་གྱིས་ས་གནས་ཁག་གི་འབྲེལ་ཡོད་ཕྱོགས་ཁག་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་འཛོལ་ཚབས་ཆེན་སྣ་ཚོགས་གཏན་འགོག་བྱེད་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མངགས་ཏེ་འཕྲལ་རྐྱེན་མྱུར་སེལ་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱས་པ་རེད། ལེའོ་ཉིང་ཞིང་ཆེན་དང་ལེའོ་དབྱང་གྲོང་ཁྱེར་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་ཐག་གཅོད་ལས་དོན་སྤེལ་ཡོད། མིག་སྔར་ས་གནས་ས་ཐོག་གི་རོགས་སྐྱོབ་དང་རྗེས་འཇུག་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།