དྲང་གཞག་དྲང་བདེན་གྱི་འཇིག་རྟེན་ཆོས་ཉིད་བརྟན་པོར་སྲུང་བ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་རང་མོས་ཉོ་ཚོང་སྲུང་སྐྱོང་དང་། ཕྱོགས་རྐྱང་པའི་བཙན་ཤེད་ལ་ངོ་རྒོལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་ཀྱི་དྲང་བདེན་གྱི་བཀའ་མོལ་གསུངས་པར། ཕྱོགས་ཁག་གི་གཅིག་མཐུན་ཆེན་པོ་བྱུང་ཞིང་། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ཡིད་ཆེས་དང་སེམས་ཤུགས་བསྣན་ཡོད།
ཟླ་4ཚེས་14ཉིན་ནས་18ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གྲུབ་འབྲས་ཐོབ་པའི་ངང་གནང་བ་རེད། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱིས་འཛམ་གླིང་ལ་རྡབ་རྡེག་བཟོས་པའི་རྒྱབ་ལྗོངས་ཆེན་པོའི་འོག ད་ཐེངས་ཀྱི་འཚམས་འདྲི་ནི་འདི་ལོ་ཀྲུང་གོའི་གཙོ་བདག་གིས་ཕྱི་རྒྱལ་དུ་འཚམས་འདྲི་གནང་ཐེངས་དང་པོ་ཡིན་པས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་རང་མོས་ཉོ་ཚོང་སྲུང་སྐྱོང་དང་། ཕྱོགས་རྐྱང་པའི་བཙན་ཤེད་ལ་ངོ་རྒོལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་ཀྱི་དྲང་བདེན་གྱི་བཀའ་མོལ་གསུངས་པར་ཕྱོགས་ཁག་ཏུ་གཅིག་མཐུན་ཆེན་པོ་བྱུང་ནས། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ཡིད་ཆེས་དང་སེམས་ཤུགས་བསྣན་ཡོད།
རྒྱལ་སྤྱིའི་དུས་བབ་ཀྱི་ཡོ་ལངས་མདུན་དུ་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་དཔྱོད་ཤེས་དང་། སྲ་བརྟན། བློས་འགེལ་བཅས་ཀྱི་རོགས་ཟླ་བྱེད་ཀྱི་ཡོད། ཝེ་ཐེ་ནམ་དུ་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁྲོད་ཕན་པ་ཐོབ་མཁན་ཡིན་པས། འཐབ་ཇུས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་རྐྱང་པའི་བཙན་ཤེད་བྱེད་སྤྱོད་ལ་མཉམ་དུ་ངོ་རྒོལ་བྱས་ཏེ་གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་གྱི་སྒྲིག་སྲོལ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་དང་། མ་ལེ་ཞི་ཡར“སྒོ་དབྱེ་བསྟུན་མཁས་དང་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས‘འབྲེལ་གཅོད་ཕྲེང་གཏུབ’དང‘ཁང་ཆུང་གྱང་མཐོ’དང་སྒོ་ཁྲལ་གང་བྱུང་དུ་བསྡུ་བའི་རིགས་བཀག་འགོག་བྱེད་པ་དང་། “ཞི་བདེ་དང་། མཉམ་ལས། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བར་བརྟེན་ནས་ཆེ་བས་ཆུང་བར་བརྙས་བཅོས་བྱེད་པར་འགོག་རྒོལ་བྱེད་པ”“ཨེ་ཤེ་ཡའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་བརྟན་ལྷིང་མེད་པ་དང་ངེས་གཏན་མེད་པའི་རྣམ་པར་ཁ་གཏད་གཅོག་འདོད་ཡོད”ཅེས་གསུངས་པ་དང་། ཀྲུང་གོའི་སྐད་སྒྲས་ལམ་ནོར་ལས་ལྡོག་པའི་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཁམ་ཕུ་ཁྲེར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པས། ཞི་བདེ་དང་། མཐུན་སྒྲིལ། མཉམ་ལས་བཅས་ཀྱི་ཐུན་མོང་རིན་ཐང་དོན་གཉེར་བརྟན་སྲུང་དང་ཕྱོགས་རྐྱང་པའི་བཙན་ཤེད་ཀྱི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་རྒྱལ་ཁབ་ཁག་གི་དགོས་མཁོ་དང་མཐུན་པའི་ཀྲུང་གོའི་ཇུས་གཞི་ནི“བརྟན་ལྷིང་རང་བཞིན་ལྡན་པ་མ་ཟད། འབྱུང་འགྱུར་ལ་རེ་བས་ཁེངས་པའི”ངོས་འཛིན་བྱེད་ཀྱི་ཡོད།
འགལ་རྐྱེན་ཇི་འདྲ་འཕྲད་ཀྱང་ཀྲུང་གོས་མཉམ་ལས་བྱེད་མཁན་དང་མཐུན་རྐྱེན་སྦྱོར་མཁན་མཐའ་འཁྱོངས་བྱས་པས། འགན་འཁྲི་ཁུར་མཁན་རྒྱལ་ཁབ་ཆེན་པོའི་ཐེག་པ་ཁུར་ལེན་གྱི་ཉམས་འགྱུར་མངོན་ཡོད། སྲུང་སྐྱོང་རིང་ལུགས་ལ་མིང་རྟགས་འགོད་མཁན་གྱི་མདུན་དུ་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་སྟེ། རྒྱལ་ཁབ་ཁག་དང་ལྷག་པར་དུ་མཐའ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་དེང་རབས་ཅན་གྱི་ལམ་བུར་བསྐྱོད་ཡོད། འཚམས་འདྲི་གནང་རིང་། ཀྲུང་གོའི་དཔལ་འབྱོར་གྱི་དུས་ཚིགས་དང་པོའི་གྲུབ་འབྲས་དོན་པ་དང་། འཕར་ཚད་5.4%ལེགས་སུ་འགྲོ་བའི་རྣམ་པ་མངོན་པ་མ་ཟད། མཉམ་ལས་བར་མཐོངས་དེ་བས་རྒྱ་ཆེ་བ། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་རྒྱལ་ཁབ་ལ་སྒོ་ཕྱེ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། འགག་རྩའི་དུས་སུ་དེ་བས་ཡིད་ཆེས་ཀྱིས་ཁེངས་པར་བྱས་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལྕགས་ལམ་མཉམ་ལས་ལམ་སྲོལ་ལག་བསྟར་བྱེད་འགོ་ཚུགས་པས་ཀྲུང་གོ་དང་དབུས་ལྷོ་ཕྱེད་གླིང་གི་དཔལ་འབྱོར་བར་འཁྱམས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཆེ་རུ་འགྲོ་རྒྱུ་རེད། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་ས་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་མཉམ་ལས་ཀྱི་མཐོ་ས་བསྐྲུན་ནས་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱ་རྒྱུའི་གྲོས་ཐག་བཅད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་དགོས་མཁོར་གཞིགས་ནས“བཟོ་ལས་འཕེལ་རྒྱས་ཀྱི་བར་འཁྱམས”དང“ཉ་དང་འབྲུ་རིཌ་ཀྱི་བར་འཁྱམས”ཀྱི་མཉམ་ལས་འཆར་འགོད་ཁག་གཉིས་བཟོས་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་ཁམ་ཕུ་ཁྲེ་འཕེལ་རྒྱས་མགྱོགས་པོ་ཡོང་བར་རྒྱབ་སྐྱོར་བྱས་པ་རེད། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་དཔྱད་གཏམ་ནང་ཀྲུང་གོས་རང་མོས་ཉོ་ཚོང་དར་སྤེལ་གཏོང་བ་དང་ཕན་ཚུན་བརྩི་འཇོག་བྱེད་དགོས་པའི་ནན་བཤད་བྱས་ཡོད་པས། ཕྱི་ཕྱོགས་སྲིད་ཇུས་ཧ་ཅང་བརྟན་དུ་གཏོང་བ་དང་། ཕྱོགས་ཁག་དང་མཉམ་ལས་བྱེད་པ་ནི་གཉིས་ཕན་མཛའ་མཐུན་ལ་བརྟེན་པ་ལས་ཉོ་ཚོང་གཏན་ཚིགས་མིན་པ་དེ་ཨེ་ཤེ་ཡ་ཤར་ལྷོའི་དཔལ་འབྱོར་འཕར་བའི་འདེགས་སྐྱོར་ནུས་ལྡན་དང་བློས་འགེལ་ཆོག་པའི་རོགས་ཟླར་གྱུར་ཡོད་ཅེས་འཁོད་ཡོད།
ཐུན་མོང་ཐོག་དར་རྒྱས་བྱུང་ཚེ་གཞི་ནས་ཡུན་རིང་དར་རྒྱས་ཡོང་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་རྒྱལ་ཁབ་དང་མཉམ་དུ་དྲང་གཞག་དྲང་བདེན་གྱི་འཇིག་རྟེན་ཆོས་ཉིད་བརྟན་སྲུང་བྱས་ནས། ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། ཨེ་ཤེ་ཡའི་ཁྱིམ་གཞིས་ཀྱི་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་ལག་གདང་སྦྲེལ་ནས་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ལྡན་པར་བྱེད་འདོད་ཡོད།