“ཀྲུང་གོ་དང་ཀེ་རེ་སིའི་གྲངས་འཛིན་ཤུལ་བཞག་མཉམ་འབྲེལ་ཚོད་ལྟ་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་ཨ་ཐེན་སི་རུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཐེན་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཨ་ཐེན་སིར་ཡོད་པའི་ཀེ་རེ་སི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་དུ“ཀྲུང་གོ་དང་ཀེ་རེ་སིའི་གྲངས་འཛིན་ཤུལ་བཞག་མཉམ་འབྲེལ་ཚོད་ལྟ་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། ཚོད་ལྟ་ཁང་དེ་འཛུགས་པའི་དམིགས་ཡུལ་ནི་ཀྲུང་གོ་དང་ཀེ་རེ་སི་རྒྱལ་ཁབ་གཉིས་པོའི་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་གྱི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཁྱབ་ཁོངས་དེའི་ནང་གི་གསར་གཏོད་མཉམ་ལས་བྱེད་སྟངས་ལ་འཚོལ་ཞིབ་དང་སྐུལ་འདེད་གཏོང་ཆེད་རེད།
2024ལོའི་ཟླ་བདུན་པར། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཡོན་མིང་ཡོན་སྐྱེད་ཚལ་དོ་དམ་ཁྲུའུ་དང་། ཀེ་རེ་སི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་། ཧྲའན་ཤིས་གོང་མ་ཆིན་ཧྲི་ཧོང་གི་བང་སོའི་རྟེན་མཛོད་གླིང་། ཀེ་རེ་སིའི་རང་བྱུང་དང་བཟོ་རིག་སློབ་ཆེན་སོགས་ཀྲུང་གོ་དང་ཀེ་རེ་སིའི་རིག་གནས་སྒྲིག་གཞི་8ཀྱིས་མཉམ་དུ་གཏོད་པའི“ཀྲུང་གོ་དང་ཀེ་རེ་སིའི་གྲངས་འཛིན་ཤུལ་བཞག་མཉམ་འབྲེལ་ཚོད་ལྟ་ཁང”གི་གན་རྒྱར་དངོས་སུ་མིང་བཀོད་ཡོད། ཚོད་ལྟ་ཁང་གིས་རྒྱལ་ཁབ་གཉིས་པོའི་རྩེར་སོན་གྱི་གྲངས་འཛིན་ལག་རྩལ་དང་ཤུལ་བཞག་དོ་དམ་གྱི་ཞིབ་འཇུག་སྒྲིག་གཞི་གདན་དྲངས་ནས་གྲངས་འཛིན་ཤུལ་བཞག་ཁྱབ་ཁོངས་ཀྱི་གསར་གཏོད་མཉམ་ལས་རྣམ་གྲངས་མཉམ་དུ་ཇུས་འགོད་བྱས་ཏེ་སྤེལ་བ་རེད།
སྒོ་བྱང་འགེལ་བའི་མཛད་སྒོའི་ཉིན་དེར་ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་དང་ཧྲའན་ཤིས་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་འཐུས་མི་དང་ཀེ་རེ་སི་ཝེ་ཁྲེང་ཉམས་གསོ་ལྟེ་གནས་དང་ཀེ་རེ་སི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས“གནའ་གྲོང་གླེང་མོལ། ཤེས་དཔལ་སྤེལ་རེས”ཞེས་པའི་བརྗོད་དོན་གཙོ་བོའི་བགྲོ་གླེང་བྱས་ནས། གྲངས་འཛིན་ལག་རྩལ་གྱིས་རིག་གནས་ཤུལ་བཞག་ལ་མཐུན་རྐྱེན་སྐྲུན་པའི་ཐད་སྤེལ་རེས་བྱས་ཏེ་གྲངས་འཛིན་ཅན་གྱི་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་དཔེ་མཚོན་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།