བློ་གཅིག་སེམས་གཅིག་གིས་ལས་ཞུགས་ཀྱི་བསམ་འདུན་སྒྲུབ་རོགས་བྱེད་པ།
རང་ལྗོངས་ཀྱི་ལས་ཞུགས་བོད་སྐྱོར་ལས་དོན་སྐོར་གྱི་ཟུར་བྲིས།
1994ལོར། ཁ་གཏད་བོད་སྐྱོར་གྱི་ལས་དོན་དངོས་སུ་སྤེལ་འགོ་ཚུགས། ལོ་30ཡི་རིང་། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། འགག་སྒྲོལ་དཀའ་སེལ་དང་མཐུན་སྒྲིལ་འབད་འབུངས་ཀྱིས་རྒྱུག་མཐུད་དབྱུག་པ་གཅིག་རྒྱུན་གཅིག་གིས་བཟུང་སྟེ་བརྩེ་བ་ཟབ་མོས་བོད་སྐྱོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་པས། བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་ཧ་ཅང་ཆེན་པོ་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་དང་གྲོང་ཁྱེར་དེ་བཞིན་ཚན་པ་ཁག་གིས་ལས་ཞུགས་བོད་སྐྱོར་ལས་དོན་ཏན་ཏིག་སྤེལ་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལས་ཞུགས་གོ་སྐབས་ཧ་ཅང་མང་པོ་མཁོ་འདོན་བྱས་ཡོད།
“ཕྱིར་སྐྱོད་པའི”ཕུགས་འདུན་མངོན་འགྱུར་བྱ་ཆེད། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནས་ཐོན་པའི་ཚེ་རིང་སྒྲོལ་དཀར་སྔ་ས་ནས་ལས་མི་བསྡུ་སར་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་སྐྱེལ་བར་ཡོང་བ་མ་ཟད། ཧུའུ་ནན་ཞིང་ཆེན་ཤེས་ལྡན་པའི་ཀུང་སི་ག་གེ་མོ་ཞིག་དང་ལས་ཞུགས་ཀྱི་འདོད་འདུན་རགས་ཙམ་གྲུབ་ཡོད།
དྲ་ཕྱི་ནས་ལས་མི་བསྡུ་བ་ཕུད། ད་དུང་ལས་གནས་མང་པོ་ཞིག་དྲ་ཐོག་ལས་སྟེགས་བརྒྱུད་ཤེས་རྟོགས་དང་གདམ་ག་བྱ་རྒྱུ་ཡོད་པས། ལས་ཀ་འཚོལ་མཁན་གྱི་གདམ་ག་བྱ་ཡུལ་སྔར་བས་མང་དུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཧུའུ་ནན་ཞིང་ཆེན་མི་སྤྱི་ཐིང་གིས་ཧུའུ་ནན་གྱི་ལས་ཞུགས་ལས་སྟེགས་སྤྱད་དེ་ཆེད་མངགས་ཐེམ་ཁོངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་དྲ་ཐོག་ལས་བསྡུ་བྱ་ཡུལ་བཙུགས་ནས། ཐེམ་ཁོངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཉིན་མཚན་དབྱེར་མེད་དུ་ལས་ཞུགས་ཞབས་འདེགས་ཞུ་གི་ཡོད།
ཚེ་རིང་སྒྲོལ་དཀར་གྱིས་ལས་ཀ་འཚོལ་བའི་བརྒྱུད་རིམ་དེ་ནི་ལས་ཞུགས་བོད་སྐྱོར་ལས་དོན་གྱི་ཚབ་མཚོན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་མཉམ་ལས་བྱས་ཏེ། ལས་ཞུགས་ཞབས་ཞུའི་ལས་སྟེགས་མང་པོ་བསྐྲུན་པ་དེ་དག་གིས་ལས་ཀ་འཚོལ་མཁན་ལ་ཕུན་སུམ་ཚོགས་པའི་ལས་བསྡུའི་ཆ་འཕྲིན་མཁོ་འདོན་བྱས་པ་མ་ཟད། ཁེ་ལས་དང་ལས་ཀ་འཚོལ་མཁན་དབར་སྦྲེལ་ཟམ་ཞིག་དེ་བས་བསྐྲུན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རོགས་སྐྱོར་ཚན་པ་ཁག་གིས་རིམ་རྩིས་བརྒྱབ་ན་རྣམ་པ་མི་འདྲ་བའི་ལས་བསྡུའི་བྱེད་སྒོ་ཁག་1800ལྷག་ཙམ་སྤེལ་བ་དང་ལས་གནས་ཁྲི་9.3ལྷག་ཙམ་མཁོ་འདོན་བྱས་ནས། ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1.1ལྷག་ཙམ་ལྗོངས་ཕྱི་རུ་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་ཡོད།
2024ལོར། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་ཐོག ཆབ་མདོ་གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭ་ནས་ཡིན་པའི་སློབ་མ་བསོད་ནམས་ཚེ་རིང་ལ་སློབ་མའི་ཚོགས་ཆུང་གི་ཕུལ་བྱུང་བྱ་དགའ་ཐོབ་ཡོད། འགྲན་བསྡུར་ལ་གྱང་རྩིག་པ་དང་། ཞིང་འཕྲུལ་ཉམས་བཟོ། གློག་ལས། སྐྲ་གཞར་མཛེས་བཟོ་སོགས་འགྲན་བསྡུར་རྣམ་གྲངས་11བཀོད་སྒྲིག་བྱས་ཡོད་ཅིང་། བསོད་ནམས་ཚེ་རིང་གིས་ཕུལ་དུ་བྱུང་བའི་སྐྲ་གཞར་མཛེས་བཟོའི་ལག་རྩལ་ལ་བརྟེན་ནས་ཆབ་མདོའི་བདམས་ཐོན་པ་སྐྲ་གཞར་མཛེས་བཟོའི་འགྲན་བསྡུར་ནང་ཞུགས་པའི་སྦྱངས་འབྲས་ལེགས་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ལ། དེ་ནི་རང་སྐྱོང་ལྗོངས་ཀྱི་བདམས་ཐོན་པར་དཔྱད་བསྡུར་རྣམ་གྲངས་དེར་ཐོབ་པའི་སྦྱངས་འབྲས་ལེགས་ཤོས་ཀྱང་ཡིན།
ཉེ་བའི་ལོ་ཤས་རིང་། ཐེན་ཅིན་གྲོང་ཁྱེར་གྱིས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གཙོ་གནད་རྣམ་གྲངས་ཀྱི་ཤེས་ལྡན་པའི་དགོས་མཁོར་དམ་པོར་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་རྩལ་ནུས་གསོ་སྦྱོང་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་རྩལ་ནུས་ཤེས་ལྡན་པའི་ལས་ཞུགས་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི་སྲང་ལམ་ཞིག་ནང་སྒོ་འགྲམ་དུ་བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་རྫས་མང་པོ་བཀལ་བའི་ཚོང་ཁང་ཆུང་ངུ་ཞིག་གིས་ཡུལ་སྐོར་བ་མང་པོའི་ཉོ་འདོད་ཀྱི་ཡིད་དབང་འཕྲོག་ཡོད། སྦྱིན་བདག་སྒྲོལ་དཀར་གྱིས་སེམས་རྩ་འཁོལ་པོས་ཚོང་ཟོག་ངོ་སྤྲོད་བྱེད་ཞོར་དུ་བྱང་ཆུབ་པོས་ཐུམ་སྒྲིལ་དང་རྩིས་རྒྱག་བཞིན་མཆིས། ཚོང་ཁང་ནང་སྤུས་ལེགས་ཐང་ག་དང་། བོད་རུམ། ལག་གདུབ་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་མང་པོ་བསྒྲིགས་འདུག
དེ་སྔོན་སྒྲོལ་དཀར་ལ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྤེལ་བའི་ལས་གཏོད་མཛུབ་ཁྲིད་གསོ་སྦྱོང་བྱེད་སྒོར་ཞུགས་པའི་གོ་སྐབས་བཟང་པོ་ཐོབ་ཡོད། དེ་རྗེས་ཁོང་གིས་ལས་གཏོད་བྱེད་རྒྱུའི་སེམས་ཐག་བཅད་པ་དང་སྦྲགས། འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་འོག་ལས་གཏོད་ཁ་གསབ་དང་དངུལ་བུན་རེ་ཞུ་བྱས་ཤིང་། སྒྲོལ་དཀར་གྱིས“ང་རང་ནི་དེ་སྔོན་གླ་པ་རྒྱུག་མཁན་དཀྱུས་མ་ཞིག་ཡིན། ད་ཆ་རང་ཉིད་ལ་དབང་བའི་ཚོང་ཁང་ཆུང་ཆུང་ཞིག་ཡོད་པས་འཚོ་བར་དེ་བས་ཡིད་ཆེས་ཆེན་པོ་འདུག”ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་གཉིས་གཏོད་གཞི་རྟེན་སྣ་ཚོགས་138བསྐྲུན་ཞིང་། 2017ལོ་ཚུན། རིམ་རྩིས་བརྒྱབ་ན“གཉིས་གཏོད”གཞི་རྟེན་སྣ་ཚོགས་ཀྱིས་ཁེ་ལས་4313སྐྱོང་གསོ་བྱས་པ་དང་མི་ཁྲི་3.85ལས་ཞུགས་ཐུབ་པར་བྱས་ཡོད་པ་རེད།