དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནན་ཆའོ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་སྐར་མ་ཆུང་བདག

    དྲང་བདེན་ཧུར་ཐག་སྲུང་། བརྩེ་སེམས་བརྒྱུད་སྤྲོད་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-30

    འདི་ནི་སྐར་མ་ཆུང་བདག་ལས་ཀ་བྱེད་བཞིན་པ།

    ཁོང་གིས་གཟབ་ནན་གྱི་རྣམ་འགྱུར་དང་བྱང་ཆུབ་པའི་ཤེས་བྱ་ཡོན་ཏན་ལ་བརྟེན་ནས་བོད་ཀྱི་ཁྲིམས་རྩོད་པའི་ལས་རིགས་སུ་འཇོན་ཐང་ངོམ་འགོ་བཙུགས་པ་དང་། སླ་བཅོས་སྤུ་ཙམ་མི་བྱེད་པའི་ལས་ཀའི་རྣམ་འགྱུར་དང་ཆེད་ལས་ཀྱི་འཇོན་ཐང་ལ་བརྟེན་ནས་མངགས་བཅོལ་བྱེད་མཁན་མང་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད། ཁོང་ནི་བོད་ལྗོངས་ནན་ཆའོ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ལས་གཉེར་ཁྲིམས་རྩོད་པ་སྐར་མ་ཆུང་བདག་རེད།

    སྐར་མ་ཆུང་བདག་ལོ་30ལ་སླེབས་ཉེར་ཡོད་ཅིང་། 2018ལོར་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ནས་ཐོན་ཚུན་དུ་ཁྲིམས་རྩོད་པའི་ལས་ཀར་ཞུགས་ནས་ལོ་བདུན་ཕྱིན་ཡོད། ཐོག་མར་ཁོང་གིས་དང་ལེན་བྱས་པའི་དངུལ་བུན་གཏོང་ལེན་དང་། བཟའ་ཚང་ཁ་བྲལ། དབང་ཆར་བཙན་གནོད་སོགས་ཀྱི་གྱོད་གཞི་མང་ཆེ་བ་ནི་ལས་རིགས་ནང་ཁུལ་གྱི་བལྟོས་བཅས་སྟབས་བདེ་བའི་གྱོད་གཞི་ཤ་སྟག་རེད། ཡིན་ནའང་ཐེངས་ཤིག་བྱ་དཀའ་བྱེད་གཏད་ཆེ་བ་དང་། གྱོད་དོན་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ་མ་ཟད། གྱོད་གཞིའི་ངོ་བོའང་དམངས་དོན་རྩོད་གཞི་ནས་ཉེས་དོན་འགན་འཁྲི་དང་འབྲེལ་བ་ཡོད་པའི་གྱོད་གཞི་རྙོག་འཛིང་ཆེན་པོ་ཞིག་འཕྲད་ཡོད། སྐབས་དེར་སྐར་མ་ཆུང་བདག་གིས་ཕུལ་དུ་བྱུང་བའི་ཆེད་ལས་ནུས་པར་བརྟེན་པའི་ཁར། ངང་རྒྱུད་རིང་ཞིང་ཞིབ་ཚགས་པའི་སྒོ་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་དཔང་རྟགས་རེ་རེ་བཞིན་ཞིབ་བཤེར་གཏན་འཁེལ་བྱས་མཐར། གྱོད་ཐག་བཅད་འབྲས་མངགས་བཅོལ་བྱེད་མཁན་གྱི་བློ་ལ་བབས་ཡོད།

    ལས་ཀར་ཞུགས་པའི་ལོ་7རིང་། ཉེས་དོན་གྱོད་གཞིའམ་ཡང་ན་དམངས་དོན་དང་ཚོང་དོན་རྩོད་གཞི་གང་ཡིན་ནའང་འདྲ། གྱོད་དོན་སྟབས་བདེ་པོའམ་ཡང་ན་རྙོག་འཛིང་ཆེན་པོ་གང་ཡིན་རུང་སྐར་མ་ཆུང་བདག་གིས་ཧུར་དུ་ལེན་པ་ལས་རང་ཉིད་ལ་ཚད་བཀག་གཏན་ནས་བཟོ་ཡི་མེད། ཁོང་གི་ངོས་ནས་བཤད་ན་གྱོད་གཞི་ཆེ་ཆུང་མེད་པ་ཚང་མ་རིན་ཐང་ལྡན་པ་ཤ་སྟག་རེད། ཁོང་གིས་གསར་འགོད་པར། རྙོག་འཛིང་ཆེ་བའི་གྱོད་གཞི་ཐག་གཅོད་བྱེད་ཆེད། ངས་ཁྲིམས་ར་མ་འཚོག་གོང་རྟག་ཏུ་ལས་བྲེལ་ཆེན་པོ་ཇི་འདྲ་བྱུང་རུང་སྔར་བཞིན་ལས་རིགས་གཅིག་པའི་རྒན་རབས་པར་བཀའ་འདྲི་ཞུ་བ་དང་། གྱོད་དོན་ཞིབ་བསྡུར་དང་ལད་མོ་རྩོད་གླེང་བྱེད་པ། ཞུ་སྦྱོར་སྔ་མ་ནས་ཕྱི་མར་བསྒྱུར་ནས་དབྱེ་ཞིབ་སོགས་བྱེད་ཀྱི་ཡོད། བརྒྱུད་རིམ་དེའི་ཁྲོད་རང་ངོས་ཀྱི་བཅའ་ཁྲིམས་བྱང་ཚད་དང་ཁྲིམས་སྐྱོང་གི་བསམ་གཞིགས་བྱེད་སྟངས་ཇེ་ལེགས་སུ་ཕྱིན་སོང་ཞེས་བཤད།

    སྤྱི་ཚོགས་ཀྱི་གྱོད་གཞི་རྩིས་ལེན་པ་ཕུད། སྐར་མ་ཆུང་བདག་གིས་ད་དུང་སྤྱི་ཕན་རང་བཞིན་གྱི་རོགས་སྐྱོར་གྱོད་གཞི་ཡང་ཐག་གཅོད་བྱེད་ཀྱི་ཡོད། ལས་ཀར་ཞུགས་པ་ནས་བཟུང་ཁོང་གིས་ས་ཁུལ་ཁག་གི་བཅའ་ཁྲིམས་རོགས་སྐྱོབ་ལྟེ་གནས་ཀྱིས་རྩིས་སྤྲད་པའི་གྱོད་གཞི་དང་ལེན་ཧུར་ཐག་བྱས་ཤིང་། ད་བར་ཉེས་དོན་དང་དམངས་དོན་གྱོད་གཞི་སྣ་ཚོགས་200ཙམ་ཚབ་གཉེར་བྱས་ཡོད། ལྷག་པར་དུ་ཞིང་པ་ལས་མི་དང་འབྲེལ་བ་ཡོད་པའི་གནད་དོན་འཕྲད་སྐབས་ཁོང་གིས་དེ་བས་སེམས་ཤུགས་གང་ཡོད་བཏོན་ནས་ཁོ་ཚོར་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།

    2023ལོའི་ལོ་མཇུག་ཏུ། ངལ་ལས་ཚན་པས་གླ་ཕོགས་ལོ་གཉིས་འགྱངས་ཆད་བྱས་རྐྱེན། ཞིང་པ་ལས་མི་ཁ་ཤས་ཤིག་འུ་ཐུག་ནས་བཅའ་ཁྲིམས་རོགས་སྐྱོབ་ལྟེ་གནས་ལ་འབྲེལ་བ་བྱས་མཐར་སྐར་མ་ཆུང་བདག་ངོ་ཤེས། སྐབས་དེ་དུས་ཁོ་མོས་རང་ཉིད་ནི་ཁོ་ཚོའི་མགོན་སྐྱབས་ལྟ་བུ་ཡིན་པ་ཤེས་ཡོད།

    གྱོད་གཞི་རྩིས་བླངས་རྗེས། སྐར་མ་ཆུང་བདག་གིས་དཔང་རྟགས་དབྱེ་ཞིབ་བྱེད་པ་ནས་བཅའ་ཁྲིམས་སྤྱད་འཐུས་བྱེད་པའི་བར་དང་། གཏུག་བཤེར་གོ་རིམ་ནས་དངོས་སུ་གཏུག་བཤེར་བྱེད་པའི་བར་ག་དུས་ཡིན་རུང་སུན་སྣང་སྤུ་ཙམ་མེད་པར་ཁོང་ཚོར་འབྲེལ་ཡོད་ཤེས་བྱ་བསླབས་ཡོད། གཞན་ཡང་ཞིང་པ་ལས་མིའི་གཏུག་བཤེར་མ་གནས་ལ་བསམ་གཞིགས་བྱས་ནས་ཁོང་གིས་དུས་ཐོག་ཏུ་ཁྲིམས་ཁང་དང་སྦྲེལ་མཐུད་བྱེད་པ་དང་། ཞུ་སྦྱོར་ཕྱི་མར་འབྲེལ་བ་བྱེད་པ། ཚབ་བྱས་ནས་ཁྲིམས་རར་སྐྱོད་པ་བཅས་བྱས་ཏེ་རང་ཉིད་གཅིག་པུས་ལྷུ་ཚིགས་རེ་རེ་ལེགས་སྒྲུབ་བྱས་མཐར་ཁྲིམས་ར་ཐེངས་འགའ་འཚོགས་རྗེས། ཁོང་གིས་སྔ་རྗེས་སུ་ཞིང་པ་ལས་མི་30ལྷག་ཙམ་ལ་གླ་ཕོགས་སྒོར་ཁྲི་130ལྷག་ཙམ་ལེན་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།