གཞི་རིམ་ལས་བྱེད་པ་ཞིག་གིས་གྲུབ་ འབྲས་དང་འཆར་གཞི་གསར་པའི་སྐོར་གླེང་བ།
འདི་ནི་ཀྲའོ་ཧན་ཆིང(གཡས)ཕྱུག་པོ་གཞུང་ཤང་གི་གྲོང་སྡོད་གནས་སྦྱར་གྱི་ཧྲུའུ་ཅི་གཞོན་པ་བྱེད་རིང་ཁ་གཏད་རོགས་སྐྱོར་བྱ་ཡུལ་ལ་འཚམས་འདྲི་བྱེད་བཞིན་པ།
ཆུ་ཚོད་གཅིག་ལྷག་ཙམ་ཕྱིན་ནས་ཅོག་ཙེའི་ཐོག་གི་ཇ་བསྲུབས་མ་གྲང་རུང་ཀྲའོ་ཧན་ཆིང་གིས་འཆར་གཞིའི་སྐོར་གླེང་མཚམས་ད་དུང་བཞག་མེད།
ཀྲའོ་ཧན་ཆིང་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཡིན་པ་དང་རང་ཉིད་ཀྱི་ལོ་མཇུག་གི་ཕྱོགས་སྡོམ་དང་ལོ་གསར་པའི་ལས་ཀའི་འཆར་གཞི་ལག་ཏུ་ཁྱེར་ནས་ཁོང་གིས“བསམ་བློ་ཞིབ་པར་བཏང་ཚེ་2024ལོར་ལས་ཀ་མང་པོ་བྱས་མོད། འོན་ཀྱང་2025ལོར་ཡང་ལས་ཀ་དེ་བས་མང་པོ་བྱེད་དགོས་འདུག”ཅེས་བཤད།
2024ལོ་འགོ་ཚུགས་མ་ཐག ཀྲའོ་ཧན་ཆིང་གིས་རང་འགུལ་ངང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཕྱུག་པོ་གཞུང་ཤང་དུ་གནས་སྐབས་གྲོང་སྡོད་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པར་བསྐྱོད་པ་དང་ཁོང་གི་ལུས་ཐོག་ཏུ་བསམ་ཕོད་པ་དང་། བྱེད་ཕོད་པ། གདོང་ལེན་བྱེད་ཕོད་པ་བཅས་ཀྱི་ངར་སེམས་ལྡན་ཡོད། 2024ལོའི་ལོ་མཇུག་ཏུ། གྲོང་སྡོད་ལས་དོན་མཇུག་འགྲིལ་རྗེས་ཁོང་གིས་རང་ཉིད་ཀྱི་ཡིག་འབྲུ་ཁྲི་ཙམ་ཡོད་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ“མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས”ཞེས་པར་ཕྱོགས་བསྡུས་བྱས་ཡོད།
ཤང་དུ་སླེབས་མ་ཐག་ཀྲའོ་ཧན་ཆིང“ཕྱི་མི”ཞིག་ཡིན་སྟབས་ཤང་གི་གནས་ཚུལ་ལ་རྒྱུས་མངའ་གཏིང་ཟབ་པོ་མེད་པ་དང་དམངས་འདོད་ཁོང་དུ་མི་ཆུད་པས་ཁོང་གིས་གང་སར་སྐྱོད་དེ་དཔྱད་གཞི་ཐོག་མ་ཁོང་དུ་ཆུད་པར་བྱས།
ཕྱུག་པོ་གཞུང་ཤང་རྐང་བཞི་གྲོང་ཚོའི་ཕག་པ་གསོ་ཚགས་མཉམ་ལས་ཁང་གི་འཁྱག་ཁང་འཛུགས་སྐྲུན་རྣམ་གྲངས་དང་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་གི་ཞིང་འཕྲུལ་ཉོ་སྒྲུབ་རྣམ་གྲངས་ཀྱི་ཆོག་འཐུས་རང་བཞིན་གྱི་སྙན་ཞུ་2བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་ནས་བྲིས་པ་རེད།
གོང་རིམ་ནས་སྒོ་ར་སྒྱུར་བཀོད་རིམ་སྤོར་གྱི་རྣམ་གྲངས་17རག་ཐབས་ཧུར་ཐག་བྱས་པར་སྒོ་ར་ཁག་3སྒྱུར་བཀོད་རིམ་སྤོར་ཟིན་ནས་སྔོན་རྩིས་ལྟར་ན་ལོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་16ཟིན་རྒྱུ་རེད།
གྲོང་ཚོ“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཀྱིས་མང་ཚོགས་ལ་ཆད་དངུལ་སྣ་ཚོགས་སྒོར་ཁྲི་4.9ལེན་རོགས་བྱས་པ་རེད།
དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་དུས་བཀག་ནང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱས་པ་དང་། རྩིས་ཐོ་བཟོས་ནས་འགལ་ཟླ་སེལ་གྱི་ཡོད་ལ་འགལ་ཟླ་དང་རྩོད་གཞི་ཐེངས་415གྲལ་བཤེར་བྱས་པ་མ་ཟད་འགལ་ཟླ་དང་རྩོད་གཞི་ཁག་14ཐག་གཅོད་བྱས་ཡོད།
གཉེར་ཁང་གྲོང་ཚོའི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་བསྐྲུན་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ། གྲོང་ཚོ་ཡོངས་ཀྱི་རྒན་རྒོན་35ཡི་འཚོ་བའི་སྤུས་ཀ་ལེགས་སུ་བཏང་བ་དང་ཁོང་ཚོའི་བསམ་པའི་འཚོ་བའང་ཕུན་སུམ་ཚོགས་སུ་བཏང་ཡོད། “འདས་ཟིན་པའི་ལོ་གཅིག་རིང་། གྲོང་ཚོར་བཅའ་སྡོད་བྱེད་སྐབས་ངས་ལས་ཀ་མང་པོ་བྱས་པས་སྣང་བ་སྐྱིད་པོ་འདུག 2024ལོ་འདི་ང་ལ་མཚོན་ན་གྲུབ་འབྲས་མང་བའི་ལོ་ཞིག་ཡིན། ང་ཚོས་གྲོང་སྡོད་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་སློབ་སྦྱོང་ཐེངས་158བྱས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་དུད་ཁྱིམ་དུ་བསྐྱོད་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་ཐེངས་200བྱས་པར་དུད་ཁྱིམ་869ཡི་མི་6333ལ་ཁྱབ་ཡོད”ཅེས་ཀྲའོ་ཧན་ཆིང་གིས་དགའ་སྤྲོའི་ངང་བཤད། མིག་སྔར། གྲོང་སྡོད་ལས་དོན་རུ་ཁག་གིས་ཤང་ཡོངས་ཀྱི་ཞིང་འབྲོག་པ2576ལ་གནས་སྒྱུར་ལས་ཞུགས་བྱེད་རོགས་བྱས་པ་དང་། མི་1304སྒྲིག་འཛུགས་ཅན་གྱི་གནས་སྒྱུར་ལས་ཞུགས་བྱས་པ། མི་20ལྗོངས་ཕྱིར་གནས་སྒྱུར་ལས་ཞུགས་བྱས་པ། མི་152ལ་རྩལ་ནུས་གསོ་སྦྱོང་བྱས་པ། ངལ་ནུས་ཕྱིར་གཏོང་གི་ཡོང་འབབ་སྒོར་ཁྲི་3754རག་ཡོད། 2024ལོར་ཤང་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28576.32ཟིན་པ་དེ་དུས་མཚུངས་ལས་10%འཕར་བ་དང་། 2024ལོར་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་22502.41ཟིན་པ་དེ་དུས་མཚུངས་ལས་14%འཕར་ཡོད།
གྲོང་སྡོད་མཇུག་འགྲིལ་རྗེས། ཀྲའོ་ཧན་ཆིང་རང་འཁྲིའི་ལས་གནས་སུ་ལོག་ཅིང་། ཁོང་གི་ལོ་མཇུག་ཕྱོགས་སྡོམ་ནང་2025ལོའི“དམིགས་ཚད་ཆུང་ངུ”འཁོད་པ་སྟེ།
གསེད་བཀྲོལ་དང་འཆར་འགོད་བྱས་པའི་གྲོང་གསེབ་གཞུང་ལམ་མཁྲེགས་སྒྱུར་ལེགས་གཏོང་དང་། ཟམ་སྦུག་སྐྲུན་པ། འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་སོགས་ཐད་ཀྱི་2025ལོར་སྐྲུན་རྩིས་ཡོད་པའི་རྣམ་གྲངས་ཁག་20ཡོད་ལ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.51གཏོང་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་བརྒྱུད་བགྲོད་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔར་བས་རྩ་བཅོས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲི་1ལྷག་ཙམ་གྱི་འགྲོ་སྐྱོད་བདེ་འཇགས་དང་འགྲོ་སྐྱོད་སྟབས་བདེ་གང་ཐུབ་ལེགས་སུ་གཏོང་རྒྱུ།
གཞིས་རྩེ་བསམ་གྲུབ་རྩེ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ལག་བསྟར་བྱ་འཆར་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་7དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། སྔོན་དཔག་ལྟར་ན་མ་དངུལ་བསྡོམས་འབོར་སྒོར་ཁྲི་4093.06བཏང་ནས་གྲོང་གསེབ་གཞུང་ལམ་དེང་རབས་ཅན་འཛུགས་སྐྲུན་གྱི་ཚད་གཞི་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་སྔར་བས་རིམ་སྤོར་བྱ་རྒྱུ་དང་། གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་སོགས་རེད།