རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས།
(2025ལོའི་ཟླ་4ཚེས་28ཉིན)
ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད། རླབས་ཆེན་གྱི་ལག་ལེན་འདིའི་ནང་། ལས་བརྩོན་ལེགས་སྐྱེས་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། རང་དོན་རྒྱབ་བསྐྱུར་གྱིས་འབད་འཐབ། གཞན་གྱི་སྔོན་ལ་བྱེད་ཕོད་པ་བཅས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣ་འབོར་ཆེན་ཐོན་ཡོད། ཁོང་ཚོ་ནི་ལས་རིགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་ངལ་རྩོལ་མང་ཚོགས་ཁྲི་སྟོང་མང་པོའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན་ཞིང་། རང་ཉིད་ཀྱི་དཔེ་བཟང་བྱ་སྤྱོད་དང་བླ་ན་མེད་པའི་ཀུན་སྤྱོད་ལ་བརྟེན་ནས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ཀྱི་དུས་རབས་ཀྱི་ནང་དོན་ལ་གསོན་ཉམས་དོད་པོས་གསལ་འགྲེལ་བརྒྱབ་པ་དང་འབྲེལ། དུས་རབས་གསར་པའི་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཉམས་འགྱུར་གསར་པ་གང་ལེགས་མངོན་ཡོད། ཁོང་ཚོའི་གཟེངས་སུ་ཐོན་པའི་ལེགས་སྐྱེས་ལ་གཟེངས་བསྟོད་བྱས་ནས་མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་སྒྲིལ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞུས་ཧྲུའུ་ཡུང་སོགས་མི་1670ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་སྤྲོད་རྒྱུ་དང་། ལི་མོང་སོགས་མི་756ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་མཚན་སྙན་ཐོབ་མཁན་བློ་མཐུན་ཚོས་མཚན་སྙན་ལ་གཅེས་སྤྲས་དང་རང་གཤིས་རྒྱུན་འཁྱོངས་བྱེད་པ་དང་། དངོས་སྒྲུབ་ལག་བསྟར་དང་བྱས་རྗེས་གསར་པ་སླར་ཡང་འཇོག་པ། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་ཞུགས་པར་སྐུལ་ལྕག་བྱེད་པའི་རེ་བ་ཡོད།
ཏང་ཀྲུང་དབྱང་གིས་འབོད་སྐུལ་བྱས་དོན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་མིག་དཔེར་འཛིན་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་པོར་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། རང་ངོས་ཀྱི་མདུན་ལམ་ལས་དབང་དང་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་ལས་དབང་ཟུང་འབྲེལ་དམ་ཟབ་བྱེད་པ། ལས་གཅེས་ལས་བཀུར་དང་གསར་གཏོད་གསར་སྐྲུན་བྱེད་པ། གདེང་ཚོད་བརྟན་གཏོང་དང་སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་འབྱོར་བའི་གློག་འཕྲིན)