ཐབ་ཆས་ཆུང་ཡང་སྤྱོད་གོ་ཆེ། དམངས་འཚོར་དྲོ་སྐྱིད་ལྷག་པར་སྦྱིན།
ས་མཐོའི་ཆེད་སྤྱོད་ཐབ་ཆས་གསར་པ་མང་པོ་མང་ཚོགས་ཀྱི་ཁྱིམ་དུ་སྤྱོད་བཞིན་པ།
འདི་ནི་གཅུས་སྒྲིམ་བརྒྱབ་ནས་གཡོས་སྦྱོར་བྱེད་སྟངས་སྒྱུར་ཆོག་པའི་ས་མཐོའི་དབུགས་རྡིག་ཡིན་པ།
དབུགས་རྡིག་ནི་བོད་དུ་མེད་དུ་མི་རུང་བའི་བཟའ་བཅའ་གཡོས་སྦྱོར་གྱི་ཐབ་ཆས་ཤིག་རེད། བོད་ས་བབ་མཐོ་བ་དང་། རླུང་གནོན་དམའ་བ། ཆུའི་འཁོལ་ཚད་དམའ་བ་བཅས་ལས་ཐབ་ཀྱི་མེ་ཤུགས་ཇི་ཙམ་ཆེ་ཡང་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ་80ལྷག་ཙམ་ལས་ཟིན་གྱི་མེད་སྟབས། ས་མཐོའི་ཆེད་སྤྱོད་དབུགས་རྡིག་ནི་མང་ཚོགས་ལ་མེད་དུ་མི་རུང་བའི་གཡོས་སྦྱོར་ཐབ་ཆས་ཤིག་ཏུ་གྱུར་ཡོད། གང་ལགས་ཤེ་ན། ས་མཐོའི་རླུང་གནོན་དམའ་བ་མ་ཟད། ཐང་གཤོངས་ཀྱི་རླུང་གནོན་ལ་གཞིགས་ནས་བཟོས་པའི་དབུགས་རྡིག་ལ་དུས་ཚོད་རིང་པོར་ཕྱི་ནང་གི་རླུང་གནོན་སྙོམས་སྒྲིག་བྱེད་དགོས་ཀྱི་ཡོད་སྟབས། ས་མཐོའི་མང་ཚོགས་ཀྱིས་ཆུ་གྲང་མོ་གཤོ་བའི་ཐབས་ལ་བརྟེན་ནས་དབུགས་རྡིག་གི་དྲོད་ཚད་གཅོག་པ་དང་སྤྱོད་སྟངས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་དབུགས་རྡིག་ནང་གི་བཟའ་བཅའ་ཕྱིར་ཐོར་ནས་རྨས་སྐྱོན་ཕོག་པ་དང་ལྟོ་ཆས་འཕྲོ་བརླག་སོང་བའི་གནས་ཚུལ་ཐོན་གྱི་ཡོད།
2022ལོ་ནས་བཟུང་། ས་མཐོའི་ཆེད་སྤྱོད་ཐབ་ཆས་གསར་པ་མང་པོ་ཁྲོམ་རར་བཏོན་ནས་རིམ་བཞིན་མང་ཚོགས་ཀྱི་ཁྱིམ་དུ་སྤྱོད་འགོ་ཚུགས་ཤིང་། “ངའི་ཉེ་འགྲམ་གྱི་མིས་ས་མཐོའི་ཆེད་སྤྱོད་ཐབ་ཆས་སྤྱོད་པ་མཐོང་སྐབས། ཡག་པོ་ཡོད་མེད་ལྟ་འདོད་བྱུང”ཞེས་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཞིག་གིས་ས་མཐོའི་ཆེད་སྤྱོད་ཐབ་ཆས་ཐད་འཚོང་ཁང་ཞིག་ཏུ་ཐབ་ཆས་འདེམས་བཞིན་དུ་བཤད། “ཐོན་རྫས་གསར་པ་དེ་སྟབས་བདེ་ལ་བདེ་འཇགས་ལྡན་པ་དང་གློག་གྲོན་ཆུང་ཐུབ་པས་ཚོང་ཤག་མི་ཉུང་བས་ཉོ་བར་ཡོང་གི་འདུག”ཅེས་ཐབ་ཆས་འཚོང་མཁན་ཞིག་གིས་བཤད།
2024ལོར་འཛད་རྫས་རྙིང་པ་གསར་པར་བརྗེ་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཚ་རླབས་འཕྱུར་བའི་སྐབས་དང་འཁེལ་ནས་ས་མཐོའི་ཆེད་སྤྱོད་ཐབ་ཆས་བྲིན་ཁ་རྒྱུག་པོ་བྱུང་ཞིང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་འབངས་ཕན་ཐང་ཆེན་དུ་ཤན་རྩ་རྫོང་འཕེལ་སྒྱུར་ཨུ་ལྷན་དང་དཔལ་འབྱོར་ཆ་འཕྲིན་ཅན་ཚོང་དོན་ཅུས་ཀྱི་ལས་དོན་པས་འཛད་རྫས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་ཡོད། དེ་གར་གསར་དུ་བཏོན་པའི་ས་མཐོའི་ཆེད་སྤྱོད་ཐབ་ཆས་བྲིན་ཁ་རྒྱུག་པས། ཉིན་ཕྱེད་ཙམ་ལ། ས་གནས་དེ་གའི་མང་ཚོགས་24ཡིས་ཐབ་ཆས“རྙིང་པ་གསར་པར་བརྗེ་བའི”མངགས་ཐོ་བཞག་ཡོད།
2024ལོར། བོད་ཀྱིས་ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་རྙིང་པ་གསར་པར་བརྗེ་བའི་ལག་བསྟར་ཞིབ་སྲོལ་བཟོས་ནས་བོད་རང་སྐྱོང་ལྗོངས་ཀྱིས་དེ་གོང་གཏན་འཁེལ་བྱས་པའི《ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་རིགས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར(གནས་སྐབས་ལག་བསྟར)》དོན་འཁྱོལ་གྱིས་ས་མཐོའི་ཡང་བའི་བཟོ་ལས་སྔར་བས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་ལ་གཞིགས་ན། 2024ལོར་རིམ་རྩིས་བརྒྱབ་ན། ས་མཐོའི་ཐབ་ཆས་བཙོངས་པའི་དངུལ་འབོར་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་ཡོད།
ས་མཐོའི་ཆེད་སྤྱོད་ཐབ་ཆས་ཞིབ་སྤེལ་དང་ཁྲོམ་རར་བཏོན་པ་ནས་རིམ་བཞིན་ཁྱབ་སྤེལ་ཐུབ་པ་དེ་རིམ་ཁག་སྲིད་གཞུང་གིས་གཡས་གཞོགས་གཡོན་འདེགས་བྱས་པ་དང་ཁ་འབྲལ་ཐབས་མེད། བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཚན་དང་། ཀྲུང་གོ་ལྕགས་རིགས་བཟོས་རྫས་མཐུན་ཚོགས་སོགས་སྡེ་ཚན་དང་རྩ་འཛུགས་དབར་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལག་རྩལ་འགག་སྒྲོལ་ཚོགས་ཆུང་བཙུགས་ནས་ས་མཐོའི་ཆེད་སྤྱོད་ཐབ་ཆས་ཀྱི་ཚོགས་པའི་ཚད་གཞི་བཟོས་ཏེ། ས་མཐོའི་ནུས་མང་ཐབ་ཆས་ཀྱི་ཚད་གཞི་མེད་པའི་སྟོང་ཆ་བསྐངས་བ་མ་ཟད། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་ཐིང་སོགས་སྡེ་ཚན་དང་མཉམ་དུ་ས་མཐོའི་ཆེད་སྤྱོད་ཐབ་ཆས་ཞིབ་སྤེལ་གྱི་ཁ་ཕྱོགས་དང་། སྐུལ་འདེད་ཇུས་གཞི། འགན་ལེན་བྱ་ཐབས་བཅས་གྲོས་བསྡུར་བྱས་ནས་གཏན་འཁེལ་བྱས་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཚན་གྱི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག་བོད་ཀྱིས“སྲིད་གཞུང་གིས་ཁ་གསབ་གང་ཙམ་བྱེད་པ་དང་། ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིས་གྲོན་དངུལ་གང་ཙམ་འདོན་པ། ཁེ་ལས་ཀྱིས་ཁེ་ཕན་གང་ཙམ་སྤྲོད་པ”བཅས་ཀྱི་བྱེད་སྟངས་སྤྱད་དེ་ས་མཐོའི་ཆེད་སྤྱོད་ཐབ་ཆས་ཉོ་མཁན་ལ་ཁ་གསབ་སྤྲད་ཡོད།
ད་ཆ། བོད་ཀྱི་ཁྱད་ལྡན་ཐབ་ཆས་དེ་བས་མང་བ་རྒྱུན་ཆད་མེད་པར་རིམ་སྤོར་གསར་བཟོ་བྱེད་བཞིན་ཡོད། 2024ལོར་ཧྲང་ཧྲུའུ་ཐབ་ཆས་ཀུང་སིའི་ལག་རྩལ་པུའི་ཀྲུའུ་རེན་ཞང་ཙི་དབྱི་ཡིས་རང་འགུལ་ཇ་སྲུབས་གློག་མདོང་དཔེ་གསར་ཞིབ་སྤེལ་བྱ་བར་ཞུགས་ཡོད། “ས་མཐོའི་ཆེད་སྤྱོད་ཐབ་ཆས་ཁག་གཅིག་བཏོན་རྗེས། མང་ཚོགས་ཀྱིས་ཇ་སྲུབས་གློག་མདོང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ས་མཐོའི་ནུས་མང་ཐབ་ཆས་ཞིབ་སྤེལ་དང་ཁྱབ་གདལ་བཏང་བ་ནི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤེལ་བའི་དམངས་འཚོའི་ལས་གྲྭ་ཞིག་རེད། ས་མཐོའི་མང་ཚོགས་ཀྱི་འཚོ་བའི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ང་ཚོས་ས་མཐོའི་ཁྱད་ལྡན་གྱི་ཡང་བའི་བཟོ་ལས་འཕེལ་རྒྱས་ཟམ་མི་ཆད་པར་བཏང་ནས་ས་མཐོའི་ཆེད་སྤྱོད་ཐབ་ཆས་ཀྱིས་གཙོས་པའི་ཁྱད་ལྡན་ཐོན་རྫས་སྔར་ལས་མང་བ་འདོན་གྱི་ཡིན”ཞེས་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཀུའོ་ཞང་གིས་བཤད།