ལང་ཚོ་སྐྱེས་སུ་འབུལ། མཐའ་མཚམས་སྲུང་སྐྱོང་བྱེད།
བོད་ལྗོངས་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི“མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”དཔོན་དམག་ཚོས་མཐའ་མཚམས་སུ་རྩ་བ་ཚུགས་པ།
མེ་ཏོག་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་ཤིང་། འདི་གར་གངས་རི་མཐོ་ལ་ནགས་ཚལ་སྟུག་པ་དང་། ས་བབ་མཐོ་ཚད་སྨི་150ཡི་ལུང་གཞུང་ནས་སྨི་7782ཟིན་པའི་གནམ་ལྕགས་འབར་བ་བར་གྱི་ས་བབ་མཐོ་ཁྱད་ཧ་ཅང་ཆེན་པོ་ཡོད་པ་ལས་རྙོག་འཛིང་ཆེ་ལ་སྣ་མང་གི་སྐྱེ་ཁམས་མ་ལག་ཆགས་ཏེ་ཚ་ཁུལ་ཆར་ཆུ་མང་སའི་ནགས་ཚལ་ཡོད་ལ་གངས་རི་མཐོན་པོ་ཡང་ཡོད།
དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་། བོད་ལྗོངས་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་མཐའ་སྲུང་ཡིང་ཤོག་ཅིག་དེ་གར་བཅའ་སྡོད་ས་སྲུང་བྱེད་བཞིན་ཡོད། 1992ལོར་ཀྲུང་དབྱང་དམག་ཨུད་ཀྱིས་ཡིང་ཤོག་འདིར“མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”ཅེས་པའི་གཟི་བརྗིད་མཚན་སྙན་བསྩལ་བ་རེད། དཔོན་དམག་མི་རབས་ནས་མི་རབས་གཅིག་རྗེས་གཉིས་མཐུད་ཀྱིས་མཐའ་མཚམས་སུ་རྩ་བ་ཚུགས་ནས་མེས་རྒྱལ་མཐའ་མཚམས་ཀྱི་དུས་བདེ་སྲུང་སྐྱོང་བྱས་ཡོད།
འདི་ག་ཚགས་པར་གྱི་གསར་འགོད་པ་མེ་ཏོག་རྫོང་དུ་ཐེངས་གཉིས་བསྐྱོད་དེ“གཅེས་པར་འོས་པའི་མི”དེ་དག་གིས་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་ལྷག་བསམ་ཟོལ་མེད་ཀྱིས་མཐའ་མཚམས་སྲུང་བའི་གཏམ་རྒྱུད་ཉན་པ་ཡིན།
དཀའ་ཉེན་ཆེ་བའི་ལམ་བུ་རེ་རེ་ལྕགས་ལྟར་སྲ་བའི་རྡོག་པས་མནན།
མེ་ཏོག་རྫོང་གི་སྐོར་གླེང་ན་འགྲོ་ལམ་སྐོར་མི་གླེང་འགྲིག་ཐབས་མེད།
མེ་ཏོག་རྫོང་ནི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་གྲོང་མཐའ་མ་དེ་ཡིན་པས་དེ་སྔ“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”ཞེས་འབོད་ཅིང་། “མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”ནས་འཚར་ལོངས་བྱུང་བའི་ལས་བྱེད་པ་ཀྲང་ཝུན་ཀང་གིས“མེ་ཏོག་ཏུ་འགྲོ་ཁག་པོ་ཡོད”ཅེས་མྱོང་ཚོར་ཆེན་པོས་བཤད།
ཁོང་2004ལོར་དམག་དཔུང་ནང་ཞུགས་པ་དང་། ཕྱི་ལོའི་ཟླ་6པར་དམག་གསར་གྱི་སྦྱོང་བརྡར་མཇུག་འགྲིལ་རྗེས། མེ་ཏོག་རྫོང་དུ་ཐེངས་དང་པོ་བསྐྱོད།
2013ལོའི་ཟླ་10པར། མེ་ཏོག་གཞུང་ལམ་བསྐྲུན་ཟིན་ནས་སྦས་ཡུལ་ཕྱི་རོལ་ཡུལ་དང་འབྲེལ་གཏུག་བྱེད་པའི་བགྲོད་ལམ་བཏོད་པ་མ་ཟད། ཡིང་ཤོག་ཡོངས་ཀྱི་དཔོན་དམག་རྐང་ཐང་མར་མེ་ཏོག་ཏུ་བསྐྱོད་པའི་ལོ་རྒྱུས་ཀྱང་མཇུག་འགྲིལ་བ་རེད།
མེ་ཏོག་རྫོང་དུ་སྐྱོད་པའི་ལམ་བུ་ཉེན་ཁ་ཆེ་ལ། མེ་ཏོག་རྫོང་གི་སྐོར་གཡེང་ལམ་བུར་ཉེན་ཁ་དེ་བས་ཆེ།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་ཞིང་། ད་ལྟ་ཉི་མ་བསྟན་ནས་གནམ་དྭངས་རུང་། སྐད་ཅིག་ཙམ་ལ་ཆར་པ་ཆེན་པོ་འབབ་སྲིད་པ་དང་། ནགས་ཚལ་སྟུག་པོར་སྤྲིན་སྨུག་གི་ཡོལ་བ་འཐེན་པས་མཐོང་ཚད་ཧོབ་སྟེ་ཆུང་དུ་འགྲོ་གི་ཡོད། “ཚང་མ་མཇུག་ཏུ་མ་ལུས་པ་བྱས་ནས་མདུན་གྱི་མིའི་རྒྱབ་ཁུག་གི་ཐག་པ་དམ་པོར་བཟུང་རོགས”ཞེས་སོ་དཔོན་ཚེ་རིང་དོན་གྲུབ་ཀྱིས་སྐད་ཤུགས་ཆེན་པོས་དྲན་སྐུལ་བྱས།
ཚེར་སྡོང་ཚང་ཚིང་སྐྱེས་པ་དང་གཡང་གཟར་མང་པོ་ཡོད་པའི་ཁར། ལམ་བུ་ཁ་ཤས་ཀྱི་གཟར་ཚད་ཏུའུ་70ཡན་ཟིན་གྱི་ཡོད་པས། སུག་ལག་བཞི་བཙུགས་ནས་ག་ལེར་འཛེག་དགོས་ཀྱི་ཡོད། ས་བབ་དམའ་བའི་ཚ་བ་བཟོད་དཀའ་བ་ནས་ས་བབ་མཐོ་བའི་གྲང་ངད་དང་གསོ་རླུང་མི་འདང་བའི་བར་ལམ་བར་དུ་གསར་འགོད་པ་གྱོན་ཆས་ཡང་སེ་བརྩེགས་དགོས་བྱུང་། སྐོར་གཡེང་དཔུང་ཁག་ནང་གི་རུ་མི་རེ་རེས་ཆ་སྙོམས་ལྗིད་ཚད་སྤྱི་རྒྱ་20ཡན་གྱི་རྡོག་ཁྲེས་ཁུར་དགོས་པ་དང་། དཔོན་དམག་ཚོའི་གྱོན་གོས་རློན་པ་ཡང་སེ་ཆགས་ཀྱི་ཡོད།
ངལ་དུབ་ཀྱིས་མནར་བའི་དུས་སུ་གསར་འགོད་པས་རང་དབང་མེད་པར“པན་ཀྲང་ལགས། ང་ཚོ་ག་དུས་སླེབས་ཀྱི་རེད་དམ”ཞེས་འདྲི་ཐེངས་རེར“རི་ཟུར་དེ་བརྒྱབ་ན་སླེབས་ལ་ཉེ”ཅེས་ལན་བསློགས་མོད། འོན་ཀྱང་མིག་མདུན་དུ་སྔར་བཞིན་བྲག་རི་གཡང་གཟར་དང་། ནགས་ཚལ་སྟུག་པོ། རྦབ་ཆུ་བཅས་ལས་གཞན་མི་མངོན།
དཀའ་ཚེགས་ཆེན་པོས་ལ་ཀླུང་བརྒལ་རྗེས་མཐར་དམིགས་སར་འབྱོར་བས། སྐོར་གཡེང་དཔོན་དམག་ཚོས་མིག་ཟུང་བརྟན་པོས་མེ་མདའ་དམ་པོར་བཟུང་སྟེ་རྒྱལ་དར་ལ་ཕྱོགས་ནས“ང་ལངས་སའི་ས་ཆ་ནི་ཀྲུང་གོའི་མངའ་ཁོངས་ཡིན་པས། མངའ་ཁོངས་ཆུང་དུ་གཏན་ནས་གཏོང་གི་མིན་ལ་བདག་དབང་གཏན་ནས་བོར་གྱི་མིན། མཐའ་སྲུང་བྱེད་པར་ང་ཡོད་པས། མེས་རྒྱལ་ཐུགས་བློ་བདེ་པོ་གནང”ཞེས་རྔམ་བརྗིད་ལྡན་པའི་སྒོ་ནས་དམ་བཅའ་བཞག
“དཔའ་ངར་ཆེ་བ་དང་། སྙིང་སྟོབས་ཆེ་བ། ཞུམ་པ་མེད་པ་བཅས་ནི་ལོ་མང་མེ་ཏོག་རྫོང་གི་ལམ་བུར་སྐྱོད་པའི་མཐའ་སྲུང་དམག་གི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་ཡིན་ལ། ཁོང་ཚོའི་སེམས་གཏིང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་རིན་ཐང་དོན་གཉེར་ཞིག་ཀྱང་རེད”ཅེས་ཡིང་ཤོག་དེའི་སློབ་སྟོན་པ་ཞུས་ཝུའེ་ཅེ་ཡིས་སྤོབས་པ་ཆེན་པོས་བཤད་པ་དང་། ཁོང་གིས་དཀའ་ཉེན་ཆེ་བའི་ལམ་བུ་རེ་རེ་ལྕགས་ལྟར་སྲ་བའི་རྡོག་པས་མནན་ཡོད་ལ་མཐའ་སྲུང་འཐབ་འཛིང་པ་རེ་རེའི་ལང་ཚོར་བདེན་དཔང་ཡང་བྱེད་ཀྱི་ཡོད་ཅེས་བཤད།
ཆ་འཕྲིན་ཅན་གྱི་མཐའ་མཚམས་དོ་དམ་ཚོད་འཛིན་སྒྲིག་ཆས་ཀྱིས་དཔོན་དམག་ལ་སྟབས་བདེ་སྐྲུན།
“མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་སོ་ལྟ་ཁང་ཞིག་ཏུ་གསར་འགོད་པར་ཏག་ཏག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་ཚན་མོའུ་ཧའེ་ཅིན་ཧང་འཕྲད་ཅིང་། ཁོང་གིས་འཐབ་གྲོགས་ཚོར་ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་སུ་ཞུགས་པའི་མྱོང་ཚོར་གླེང་བཞིན་འདུག
“ད་ལྟ་མཐའ་སྲུང་གི་ཆ་རྐྱེན་ཇེ་བཟང་དུ་འགྲོ་བཞིན་ཡོད་པས་ང་ཚོས་མཐའ་སྲུང་སྲ་བརྟན་ལའང་གདེང་ཚོད་ཆེ་རུ་འགྲོ་ཡི་འདུག”ཅེས་མཐའ་སྲུང་གི་འགྱུར་ལྡོག་གླེང་སྐབས་དཔོན་དམག་རྣམས་ཀྱིས་ཚ་ཚ་འུར་འུར་ངང་ནས་གླེང་། ལམ་དང་། གློག དྲ་བ་བཅས་ཤར་གཏོང་ཐུབ་པ་དང་། དམག་སྒར་གསར་པ་གྲལ་ལྟར་འགྲིག་པོས་སྐྲུན་པ། ཉལ་ཁང་གསར་པ་དྲོ་སོབ་སོབ་ཡོད་པ། ཟས་རིགས་སོས་པའི་སྣ་ཁ་ཕུན་སུམ་ཚོགས་ཤིང་བདེ་ཐང་ལྡན་པ། སྐོར་གཡེང་ལས་འགན་སྔར་བས་རིག་ནུས་ལྡན་པ་ལ་སོགས་བཅའ་སྲུང་གི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་དེས་དཔོན་དམག་གི་ལས་ཀ་དང་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད།
དམག་དམངས་ཀྱིས་རི་བོ་གཤགས་ནས་ལམ་བཟོ་བ་དང་། སོ་ལྟ་ས་ཚིགས་འབྲེལ་མཐུད་བྱེད་པ། སྐོར་གཡེང་བྱ་ཡུལ་ཤར་གཏོང་ཐུབ་པ་སོགས། མཐའ་སྲུང་ལམ་བུ་ནི་མེ་ཏོག་རྫོང་གི་ལམ་དྲ་འཛུགས་སྐྲུན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པས། ཁོངས་གཏོགས་ཁུལ་གྱི་སྡེ་ཚན་ཁག་གིས་མཉམ་དུ་དཔུང་སྡེའི་འགྲོ་ལམ་གྱི་ཆ་རྐྱེན་ལེགས་སུ་བཏང་བ་དང་། ལམ་བུ་དེ་རིམ་བཞིན་ཀྱག་ཀྱོག་གི་མཐའ་སྲུང་ས་ཐིག་ཕྱོགས་སུ་བསྲིངས་ཏེ་དམ་ཚགས་ནུས་ཆེའི་མཐའ་སྲུང་ལམ་དྲ་ཞིག་ཏུ་རིམ་བཞིན་བསྐྲུན་ཡོད།
“འཕུར་ཅིག”ཅེས་འབོད་མ་ཐག“བསྐུར་མ”བཀལ་བའི་མི་མེད་གནམ་གྲུ་ཞིག་མཁའ་དབྱིངས་སུ་འཕུར་ནས་སྔོན་བཀོད་ཀྱི་མཁའ་ལམ་ནས་རི་ཁུག་ཏུ་འཕུར་ཏེ་སྐར་མ་20སོང་རྗེས་དམིགས་སར་འབྱོར།
དེས་མ་ཟད། མི་མེད་གནམ་གྲུ་ཡང་མྱུལ་ཞིབ་ཁྱབ་ཁོངས་སུ་སྤྱོད་འགོ་ཚུགས་ཡོད། རུ་སྣེ་ཁྲིད་མཁན་ལས་བྱེད་པ་ཝུའུ་ཀྲེང་ཐའོ་ཡིས་ལག་ནང་གི་རྒྱང་འཛིན་སྤྱད་མ་ཐག་བརྙན་ཤེལ་ཐོག་སྐབས་ཐོག་གི་མཐའ་མཚམས་ས་ཐིག་གི་བརྙན་རིས་གསལ་པོ་མངོན་འོང་། “དེ་གོང་ང་ཚོ་སྐོར་གཡེང་བྱེད་སྐབས་ལ་ཀླུང་མང་པོ་བརྒལ་ནས་ཉིན་གང་འགྲོ་དགོས་ཀྱི་ཡོད། ད་ཆ་སྐར་མ་20ཡི་ནང་མི་མེད་གནམ་གྲུས་ཁུལ་ཁོངས་ལ་མྱུལ་ཞིབ་བྱེད་ཐུབ་ཀྱི་འདུག” མིག་སྔར“མེ་ཏོག་མཐའ་མཚམས་དཔེ་བཟང་ཡིང་ཤོག”མཐའ་མཚམས་སོ་ལྟ་ཁང་མང་པོར“མཁའ་དབྱིངས་ནས་སྐོར་གཡེང”ཐུབ་པ་བྱུང་ཡོད།
ཝུའུ་ཀྲེང་ཐའོ་ཡིས“སྲུང་སྐར་ལམ་སྟོན་ལ་བརྟེན་ནས་སྐོར་ཞིབ་བྱེད་པ་དང་། སྐོར་ཞིབ་གནས་ཚུལ་དུས་ཐོག་ཏུ་བཀོད་འདོམས་ལྟེ་གནས་སུ་འབྱོར་གྱི་ཡོད། གནས་ཚུལ་ཛ་དྲག་དང་འཕྲད་ཚེ་སྐད་ཆ་བཤད་ནས་འབྲེལ་བ་བྱེད་ཆོག་གི་ཡོད” དེང་རབས་ཅན་དང་ཆ་འཕྲིན་ཅན་འཛུགས་སྐྲུན་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་མཐའ་སྲུང་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འཇུར་མིག་རེ་རེ་བཞིན་བསལ་ཡོད་ཅེས་བཤད།
མཐའ་སྲུང་གི་འཐབ་ས་དང་པོའི་བར་དུ་བསྲིངས་པའི་གཞུང་ལམ་རེ་རེ་ལས་རི་ལམ་གྱ་གྱུ་དག་བདེ་པོར་གྱུར་ཞིང་། ཆ་འཕྲིན་ཅན་གྱི་མཐའ་མཚམས་དོ་དམ་ཚོད་འཛིན་གྱི་སྒྲིག་ཆས་མཐའ་སྲུང་གི་འཐབ་ས་དང་པོར་གཅིག་རྗེས་གཉིས་མཐུད་འབྱོར་ནས་དཔོན་དམག་ཚོས་ལེ་དབར་སྟོང་ཕྲག་སར་མཐོང་ཐུབ་པར་གྱུར་ཡོད།
དམག་མི་གསར་རྙིང་དང་ལས་བྱེད་པ་དང་མང་ཚོགས་ཚང་མ་གཅེན་གཅུང་མིང་སྲིང་ལྟར་བརྩེ་བ་ཟབ།
སློབ་གྲྭ་དང་པོ་དང་། སྨན་ཁང་དང་པོ། ལྕགས་ཟམ་དང་པོ་ལ་སོགས“མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་དམག་དོན་ལོ་རྒྱུས་ཁང་གི་གྱང་ངོས་སུ་ཡིང་ཤོག་དེས་མེ་ཏོག་རྫོང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རིང་བཏོད་པའི“དང་པོ”མང་པོ་མངོན་གསལ་དོད་སར་བསྒྲིགས་ཡོད།
ཡིང་ཤོག་དེ་མེ་ཏོག་རྫོང་དུ་བཅའ་སྲུང་བྱས་མ་ཐག་པའི་སྐབས་དེར་ས་གནས་དེ་གར་སློབ་གྲྭ་གཅིག་ཀྱང་མེད་ལ་མི་སེར་ཚོར་སྨན་ཁང་ཡང་མེད། དཔོན་དམག་ཚོས་དམག་སྒར་སྐྲུན་ཞོར་དུ་སློབ་གསོར་དམ་འཛིན་བྱས་ཏེ། “དམག་མི་དགེ་རྒན”རེ་རེས་སློབ་ཚན་ཁྲིད་པ་དང“སྨན་པ”རེ་རེ་གྲོང་ཚོར་བསྐྱོད་ནས་མེ་ཏོག་རྫོང་གི་སློབ་གསོ་དང་སྨན་བཅོས་བྱ་གཞག་མེད་པ་ནས་ཡོད་པའི་ཕྱོགས་སུ་གོམ་པ་དང་པོ་སྤོ་བར་རམ་འདེགས་བྱས་ཡོད།
“ང་རྒན་ཀྲོའུ་ལགས་ཀྱི་སློབ་མ་ཡིན” མེ་ཏོག་རྫོང་དུ་བཅར་འདྲི་བྱས་པའི་ཉིན་མང་པོའི་ནང་བཅར་འདྲི་བྱ་ཡུལ་མང་པོ་ཞིག་གིས་གསར་འགོད་པར་དེ་ལྟར་བཤད། ཁོང་ཚོས་བརྗོད་པའི“རྒན་ཀྲོའུ་ལགས”ཀྱི་མིང་ཆ་ཚང་ལ་ཀྲོའུ་གོ་རེན་ཟེར་ཞིང་། ཁོང་དམག་དཔུང་ནང་ཞུགས་ནས་ལོ་24ཕྱིན་ཡོད་ལ་མེ་ཏོག་རྫོང་བསྲུངས་ནས་ལོ་24ཕྱིན་ཡོད།
མེ་ཏོག་རྫོང་དུ་སླེབས་རྗེས་ཀྲོའུ་གོ་རེན་གྱིས་བཅའ་སྲུང་བྱ་ཡུལ་གྱི་སློབ་གྲྭར་དགེ་རྒན་དཀོན་པ་ཤེས་རྟོགས་བྱུང་། “ཉིན་མོར་སློབ་ཚན་ཁྲིད་པ་དང་དགོང་མོར་སློབ་ཁྲིད་གྲ་སྒྲིག་བྱེད་པ་མ་ཟད། ད་དུང་སྦྱོང་བརྡར་ལའང་འཐུས་ཤོར་མི་ཡོང་བ་བྱེད་ཀྱི་ཡོད” དེའི་རྗེས་ཀྱི་ལོ་བཅོ་བརྒྱད་ནང་ཀྲོའུ་གོ་རེན་འབྲས་སྤུངས་ཤང་སློབ་ཆུང་གི“དམག་མི་རྒན་ལགས”ཤིག་ཏུ་གྱུར་ཡོད།
སློབ་ཚན་ཁྲིད་ནས་ཡིག་རྨོངས་སེལ་བའི་ཁྱབ་ཁོངས་དེ་གྲོང་ཁྱེར་དང་གྲོང་རྡལ་ནས་གྲོང་གསེབ་ཏུ་རྒྱ་བསྐྱེད་པ་དང་བསྟུན་ནས། “མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”གིས་ས་གནས་དེ་གར་རིག་གནས་མཚན་མོའི་སློབ་གྲྭ་དང་རེ་བའི་སློབ་ཆུང་ཡང་སྐྲུན་རོགས་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། དཔུང་སྡེའི་དཔོན་དམག་ཚོས་སློབ་ཁྲིད་བྱེད་མྱོང་བའི་ས་གནས་དེ་གའི་སློབ་མ་200ལྷག་ཙམ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། སློབ་མ་མི་ཉུང་བ་ཞིག་སློབ་གྲྭ་ཐོན་རྗེས་མེ་ཏོག་ཏུ་ལོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐའ་བརྟན་མཐའ་སྲུང་མཐའ་དར་བཅས་ཀྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།
“ཨ་མས་ཁྱོད་ལ་མེ་ཏོག་ཁྱེར་ཡོད། ཁྱོད་ཀྱིས་ལྟོས་དང” ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་མཚམས་སུ་ལོ་65ལ་སླེབས་པའི་མོན་པ་རིགས་ཀྱི་ཨ་མ་ཀརྨ་མཚོ་མོས་རྒྱབ་ཏུ་སླེལ་པོ་ཁུར་ནས་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཡང་བསྐྱར་བསྐྱོད། ཁོང་གིས་བང་སོའི་རྡོ་རིང་ལ་བྱིལ་བྱིལ་ཡང་ཡང་བྱས་ནས་ལོ་21རིང་གི་འགྱུར་མེད་ཀྱི་ཁས་ལེན་དམ་བཅའ་གླེང་།
ལོ་20ལྷག་ཙམ་གོང་ཧྲའན་ཤིས་ནས་ཡིན་པའི་གཞོན་ནུ་འཐབ་འཛིང་པ་རའོ་ཕིང་ནི“མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་པན་ཀྲང་ཡིན་ཞིང་། བཅའ་སྲུང་བྱེད་རིང་རའོ་ཕིང་དང་འཐབ་གྲོགས་ཚོས་རྟག་ཏུ་ས་གནས་དེ་གའི་མི་སེར་ཚོར་ཁང་པ་ཉམས་བཟོ་དང་། ཞིང་ལས་གཡོག་བྱེད། གློག་ཆས་ཉམས་བཟོ་སོགས་ཀྱི་རོགས་རམ་བྱེད་ཀྱི་ཡོད། དམག་དཔུང་གི་འཚོ་བའི་དངོས་ཟོག་དཀོན་པོ་ཡོད་པ་མཐོང་རྗེས་ཀརྨ་མཚོ་མོས་རང་ཉིད་ཀྱིས་བཏབ་པའི་ཤིང་འབྲས་དང་སྔོ་ཚལ་དམག་དཔུང་གི་དཔོན་དམག་ཚོར་སྤྲད་ནས་འཚོ་བཅུད་ལེགས་སུ་གཏོང་གི་ཡོད། དུས་ཡུན་རིང་པོའི་ནང་དེ་ལྟར་འབྲེལ་འདྲིས་བརྒྱུད་དམག་མི་རའོ་ཕིང་ནི་ཀརྨ་མཚོ་མོའི་ཁྱིམ་གྱི་རྒྱུན་ཕེབས་མགྲོན་པོར་གྱུར་ནས་ཕན་ཚུན་བརྩེ་བ་ཟབ་མོ་ཆགས།
2004ལོའི་ཟླ་7པར། རའོ་ཕིང་དང་འཐབ་གྲོགས་རྣམས་ཀྱིས་འཆར་ཅན་གྱི་སྐོར་ཞིབ་བྱེད་སྐབས་གློ་བུར་དུ་ཆུ་རུད་དང་འཕྲད་ནས་སྟབས་མ་ལེགས་པར་རང་སྲོག་ཤོར། གཏམ་ངན་དེ་ཐོས་པ་ནས་བཟུང་ཀརྨ་མཚོ་མོས་རྟག་ཏུ་སྐྱོ་བའི་མིག་ཆུ་གཏོང་གི་ཡོད། “རའོ་ཕིང་ནི་ངའི་ཕུལ་དུ་བྱུང་ལ་སེམས་པ་བཟང་བའི་ཕྲུ་གུ་ཡིན་ལ། དེ་བས་དཔའ་བོ་ཞིག་རེད”ཅེས་ཀརྨ་མཚོ་མོས་བཤད།
ད་ཆ་ཀརྨ་མཚོ་མོའི་ཡ་སྐྲ་དཀར་པོར་གྱུར་ཡོད་ཀྱང་ཁོང་གིས་སྔར་བཞིན་ལོ་ལྟར་རའོ་ཕིང་གི་དུར་ས་འཕྱག་པར་ཡོང་གི་ཡོད། བང་སོའི་རྡོ་རིང་གི་མདུན་དུ་ཁོང་གིས་རྟག་ཏུ་ཕ་ཡུལ་གྱི་འགྱུར་ལྡོག་ཚང་མ་གླེང་བར་བྱེད།
དུས་ཡུན་རིང་པོའི་རིང“མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”དཔོན་དམག་དང་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དབར་བརྩེ་བ་ཟབ་མོ་ཆགས་ཡོད། ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་དང་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྥུའུ་ཡུང་པོས“དཔུང་སྡེས་ས་གནས་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ལ་རོགས་སྐྱོར་ཧུར་ཐག་བྱེད་ཀྱི་འདུག ང་ཚོས་ཀྱང་དཔུང་སྡེའི་སྐོར་ཞིབ་ལས་སྒྲུབ་དང་རྨང་གཞིའི་འཛུགས་སྐྲུན་སོགས་ཀྱི་བྱེད་སྒོར་རམ་འདེགས་ཧུར་ཐག་བྱེད་ཀྱི་ཡོད” “དམག་གིས་དམངས་ལ་ཞེན་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་མེ་ཏོག་གི་དམག་དམངས་དབར་ཉ་ཆུ་ལྟར་གྱི་འབྲེལ་བ་ཡོད་ལ་མཐའ་མཚམས་ཀྱི་འགོག་སྲུང་འཛིང་རགས་ཀྱང་བློ་སེམས་གཅིག་མཐུན་གྱིས་སྐྲུན་བཞིན་ཡོད”ཅེས་བཤད།