དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་ཐེག་པ་འཁུར་ལེན་གྱི་འབད་འཐབ་པ་ཞིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

    “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་སུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོགས་ཆེན་འཚོགས་ནས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་ཁག་གཅིག་ལ་གཟེངས་བསྟོད་བྱ་རྒྱུ་རེད། དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་ཁ་གསལ་བཏོན་རྗེས། རྒྱལ་ཡོངས་རང་བཞིན་གྱི་ངལ་རྩོལ་དཔེ་བཟང་བར་གཟེངས་བསྟོད་བྱེད་ཐེངས་ཐོག་མ་དེ་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་དེ་བས་ཆེ་བའི་སྤྲོ་སེམས་དང་། དེ་བས་ཞུམ་མེད་ཀྱི་འབད་འཐབ། དེ་བས་བློ་གྲོས་ལྡན་པའི་གསར་གཏོད་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཐེག་པ་འཁུར་ལེན་དང་འབད་འཐབ་ལྷོད་མེད་བྱ་རྒྱུར་སྐུལ་ལྕག་ཐེབས་ངེས་རེད།

    ངལ་རྩོལ་གྱིས་བདེ་སྐྱིད་སྐྲུན་པ་དང་འབད་འཐབ་ཀྱིས་བྱ་གཞག་རླབས་པོ་ཆེ་གཏོད་ཐུབ། དུས་རབས་གསར་པ་ཚུན་དང་ལྷག་པར་དུ་2020ལོ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་མདུན་སྐྱོད་གནང་སྟེ། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་གཅིག་རྗེས་གཉིས་མཐུད་ངང་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོས་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་འདིའི་ཁྲོད། ལས་རིགས་ཁག་ནས་སྔོན་ཐོན་དཔེ་བཟང་གི་མི་སྣ་འབོར་ཆེན་ཐོན་པ་དང་ད་ཐེངས་གཟེངས་བསྟོད་བྱ་རྒྱུའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་1670དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་756ནི་ངལ་རྩོལ་མང་ཚོགས་དུང་ཕྱུར་མང་པོའི་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་མི་ཞིག་ཡིན།

    དུས་རབས་གསར་པ་ཚུན་གྱི་ལོ་འདི་དག་ནི་ཧ་ཅང་རྒྱུན་ལྡན་མིན་ལ་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་དམ་པོར་བརྟེན་ནས་ཁྱད་བསད་བྱེད་མི་ཐུབ་པའི་དཀའ་ངལ་དང་འགལ་རྐྱེན་རེ་རེ་བཞིན་ཁྱད་བསད་བྱས་ཏེ། ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་རྒྱུགས་ལན་རེ་རེ་བཞིན་ཕུལ་ཡོད། མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ནས་བཀྲ་ཤིས་གཏམ་བཟང་ཡང་ཡང་གྲགས་པ་ནས་ཚད་རྡུལ་ཚན་རྩལ་དང་མི་ཐབས་རིག་ནུས་སོགས་ཚན་རྩལ་གྲུབ་འབྲས་བསྟུད་མར་ཐོབ་པའི་བར་དང་། དེ་ནས་འབྲུ་རིགས་ཐོན་ཚད་ལོ་རྒྱུས་ཐོག་རྒྱ་མ་དུང་ཕྱུར་ཁྲི1.4ཐོག་མར་ཟིན་པ་དང་། ལྕགས་ལམ་ལས་གཉེར་གྱི་ལམ་ཐག་སྤྱི་ལེ་ཁྲི་16.2ཟིན་པ། ནུས་རྒྱུ་གསར་པའི་རླངས་འཁོར་ལོར་ཐོན་སྐྱེད་བྱེད་ཚད་ཁྲི་1000ཐོག་མར་ཟིན་པ་བཅས་བར། ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོས་ནུས་སེམས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ནས་དཔལ་འབྱོར་འཛུགས་སྐྲུན་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་ལས་སྒྲུབ་ལས་གཏོད་དང་སྔོན་ཐོན་བརྩོན་ལེན་བྱས་ཏེ། བློ་གྲོས་དང་རྔུལ་ཆུར་བརྟེན་ནས“ཀྲུང་གོའི་ཕུགས་འདུན། ངལ་རྩོལ་མཛེས་པའི”ལེའུ་གསར་པ་བརྩམས་ཡོད།

    བཟོ་པའི་ལས་འགུལ་གྱི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། བཟོ་པའི་ལས་འགུལ་གྱི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ཏང་གི་ཚོགས་ཆེན་དང་པོའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བཙུགས་རྗེས་ཀྱི་ལྟེ་བའི་ལས་དོན་ནི་བཟོ་པའི་ལས་འགུལ་ལ་འགོ་ཁྲིད་དང་། སྒྲིག་འཛུགས། སྐུལ་འདེད་བཅས་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། ཀྲུང་གོའི་བཟོ་ཚོགས་བཙུགས་ནས་ལོ་100ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལོ་རྒྱུས་ཀྱི་དུས་སྐབས་ཁག་གི་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་ཏང་དང་བློ་སེམས་གཅིག་སྒྲིལ་དང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱས་ཏེ། བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་མཐུན་སྒྲིལ་འབད་འཐབ་དང་བྱས་རྗེས་བཞག་སྟེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལྷག་པར་དུ་དུས་རབས་གསར་པར། བཟོ་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་ཁ་ཕྱོགས་སྟངས་འཛིན་ནན་པོ་དང་། ལས་བཟོ་ལྟེ་བར་བྱེད་པའི་ལས་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། བཟོ་ཚོགས་ཀྱི་སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་མཐའ་འཁྱོངས། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་རྒྱ་ཆེའི་ལས་བཟོས་གསར་གཏོད་གསར་སྐྲུན་བྱ་རྒྱུ་སྒྲིག་འཛུགས་དང་སྐུལ་སློང་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་ཡོད།

    ད་ཆ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འོད་སྟོང་འཕྲོ་བའི་མདུན་ལམ་ཆེན་པོ་ལྡན་པ་མངོན་ཡོད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གདེང་ཚོད་དེ་བས་བརྟན་པ་དང་། བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། རྣམ་པ་གསར་རྐྱང་དུ་གྱུར་པ། བདག་པོའི་སྤོབས་སེམས་ཀྱི་རྣམ་འགྱུར་གང་ལེགས་མངོན་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ཆེན་པོ་མངོན་པ། ལོག་བཤད་ལ་ཡིད་མི་རྟོན་པ་དང་། གདོན་འདྲེར་མི་སྐྲག་པ། གནོན་ཤུཌ་ལ་མི་སྐྲག་པ་བཅས་ཀྱི་ཞུམ་མེད་འཐབ་རྩོད་བྱས་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་བཏོད་ཡོད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་ནི་རང་རེའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲལ་རིམ་དང་། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་མཚོན་བྱེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་བཅས་ངོ་གནོང་མི་དགོས་པ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད། མདུན་སྐྱོད་ལམ་བུར་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཚེ་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་ངེས་རེད།

    མིག་སྔར་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་བྱེད་ཐབས་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་པས། ང་ཚོའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་བདག་པོའི་འདུ་ཤེས་ཟབ་ཏུ་བཏང་ནས་གཙོ་ཤུགས་དམག་གི་ནུས་པ་འདོན་དགོས།

    མདུན་སྐྱོད་ལམ་བུར་དངོས་སྒྲུབ་གལ་ཆེར་འཇོག་དགོས། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་མི་ཚང་མ་ནི་བྱ་གཞག་སྒྲུབ་མཁན་གཙོ་བོ་རེད” དཀའ་སྤྱད་འབད་བརྩོན་རེ་རེ་ལས་དཔའ་ངར་འབད་འབུངས་ཀྱི་དུས་རབས་ཀྱི་རླབས་རྒྱུན་གྲུབ་ཐུབ་པ་དང་མདུན་སྐྱོད་ཀྱི་གོམ་སྟབས་རེ་རེ་ལས་འགོག་ཐབས་བྲལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གཏོད་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་སློབ་སྦྱོང་བྱེད་པ་དང་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ཐེག་པ་འཁུར་ལེན་དང་། འགག་སྒྲོལ་དཀའ་སེལ། འབད་འབུངས་ཡར་བརྩོན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད། ངལ་རྩོལ་གྱི་ཉམས་འགྱུར་མངོན་ནས་དུས་རབས་ཀྱི་གཟི་བརྗིད་གཏོད་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།