ཐེངས་གཅིག་ལས་བསྐྱོད་མི་དགོས་པར་དོན་དག་ཚང་མ་སྒྲུབ་ཐུབ་པ།
—— རང་ལྗོངས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།
ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་པོས་སྐུལ་འདེད་དང་། ཐོན་ཁུངས་བསྡུ་སྒྲིལ། ཚན་རྩལ་ནུས་སྐྱེད་སོགས་ཀྱི་བྱེད་ཐབས་བརྒྱུད། “གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་སེལ་བའི་ལས་སྟེགས་བཏོད་དེ་མང་ཚོགས་ཚོ་ཐེངས་གཅིག་ལས་བསྐྱོད་མི་དགོས་པར་དོན་དག་ཚང་མ་བསྒྲུབས་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།
ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ནས་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚོགས་འདུ་ཐེངས་མང་འཚོགས་ནས་བཀོད་སྒྲིག་དང་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས་དང་གྲོང་ཁྱེར)ཤང་དང་གྲོང་རྡལ(ཁྲོམ་གཞུང)བཅས་ཀྱི་རིམ་བཞིའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་དུས་བདེ་བརྟན་ལྷིང་གི་མཐུན་སྦྱོར་ཆེན་པོ་དང་། བཀོད་འདོམས་ཆེན་པོ། བཀོད་གཏོང་ཆེན་པོ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད་པ་རེད།
ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་གཡུལ་ས་མཉམ་དུ་སྐྲུན་པ་དང་། མི་སྣ་མངགས་ནས་བཅའ་སྡོད་བྱེད་པ། མཐུན་སྦྱོར་གཞུང་དོན་སྒྲུབ་པ། མཉམ་འདྲེས་འཕེལ་རྒྱས་གཏོང་བ་བཅས་ཀྱི་བྱེད་སྟངས་ཁྱབ་གདལ་བཏང་བ་རེད།
མིག་སྔའི་བར་ལྗོངས་ཡོངས་ཀྱི་རྫོང་རིམ་པ་42དང་ཤང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་74ཡིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞིའི་འདུམ་འགྲིག་ལྟེ་གནས། ཁྲིམས་འཛིན་སུའོ་བཅས་ལ་བརྟེན་ནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱས་ཡོད། རིམ་གསུམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་རྩ་འཛུགས་དང་། “སྒྲོལ་མ་འདུམ་འགྲིག་ཁང” “དཔྱིད་རླུང་འདུམ་འགྲིག་ཁང”སོགས་ཀྱི་སྤུས་རྟགས་འདུམ་འགྲིག་རྩ་འཛུགས་64བཅའ་སྡོད་བྱེད་པར་མངགས་ཡོད། ཁྲིམས་འཛིན་སྲིད་འཛིན་ལས་དོན་པ་དང་། ཆེད་བསྐོས་ལས་འགན་གྱི་མི་དམངས་འདུམ་འགྲིག་པ། འདུམ་འགྲིག་པ་རྩེ་གྲ ཁྲིམས་རྩོད་པ་བཅས་ཁྱོན་མི་གྲངས་526བཅའ་སྡོད་བྱེད་པར་མངགས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་469ལ་ཁྱབ་པ་དང་ཁྱབ་ཚད་59%ཟིན་ཡོད་པ་རེད།
ཐོན་ཁུངས་བསྡུ་སྒྲིལ་གྱིས“གཅིག་འཐུས་རྣམ་པའི”ལས་སྒྲུབ་དང་འཁོར་སྐྱོད་དངོས་སུ་ཐུབ་པ།
ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་། རྒྱུ་རྐྱེན་གཙོ་བོ་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་ལ་སྐུལ་འདེད་གཏོང་གང་ཐུབ་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རང་ངོས་ཀྱི་ཁེ་ཕན་གྱི་རེ་ཞུ་ཐག་གཅོད་ཐུབ་པ་མང་ཚོགས་ཚོས་ཚོར་ཐུབ་པར་བྱས་ཏེ། ཐེངས་གཅིག་ལས་བསྐྱོད་མི་དགོས་པར་དོན་དག་ཚང་མ་སྒྲུབ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་གྱིས་འགལ་བ་དང་རྩོད་གཞི་སེལ་བ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ། སྲིད་ཇུས་བློ་འདྲི་སོགས་ཀྱི་བྱེད་ནུས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱས་ཏེ། འགལ་བ་དང་རྩོད་གཞི་སེལ་བའི་ཁྲིམས་སྐྱོང་ཅན་གྱི“ལམ་ཐིག་རི་མོ”གཞིར་བཟུང་། “ཚོམས་ཆེན་གཅིག་དང་ཁང་པ་མང་པོའི”བྱེད་ནུས་ཁུལ་ཚན་རིག་དང་མཐུན་པའི་ངང་བཙུགས་ཡོད། དུས་ཚིགས་དང་པོར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་མང་ཚོགས་མི་ཐེངས་2300ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། འགལ་བ་དང་རྩོད་གཞི་230བདག་སྤྲོད་བྱས་པ། གནད་དོན་209འདུམ་འགྲིག་བྱས་ནས་ལེགས་སྒྲུབ་ཐུབ་ཚད་80.9%ཟིན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། “གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས། ཡིག་འབུལ་ཞུ་བཅར་སྣེ་ལེན་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས། གཏུག་བཤེར་ཞབས་ཞུའི་ལྟེ་གནས། ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་བཅས“ལྟེ་གནས་དྲུག་གཅིག་སྒྲིལ”བྱས་ཏེ་སྤྱི་བདེ་དང་། ཞིབ་དཔྱོད་། ཁྲིམས་ཁང་། ཁྲིམས་འཛིན་བཅས་དང་དེ་བཞིན་ཡིག་འབུལ་ཞུ་བཅར་དང་མི་སྤྱི་སོགས་སྡེ་ཚན་8སྤྱི་འདོམས་ཀྱིས་ལས་དོན་པ་11རྒྱུན་སྡོད་ལས་དོན་སྒྲུབ་པར་མངགས་པས“གཅིག་འཐུས་རྣམ་པའི”ལས་སྒྲུབ་དང་དངོས་ཚན་ཅན་གྱི་འཁོར་སྐྱོད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད་པ་རེད།
ཚན་རྩལ་ལ་བརྟེན་ནས་ཆ་འཕྲིན་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་བ།
འགལ་བ་དང་རྩོད་གཞི་སེལ་ནུས་ཆེ་རུ་གཏོང་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རང་སྐྱོང་ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས། འགན་ནུས་སྡེ་ཚན་ཁག་ཏུ་ཆ་འཕྲིན་ཅན་གྱི་གྲངས་གཞི་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་ཉེར་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་སྟེགས་ཀྱི་དངོས་འཐབ་ཅན་གྱི་ནུས་པ་གང་ལེགས་འདོན་པ། “ཚད་ལྡན་དང་། སྟབས་བདེ། མཉམ་སྒུལ། ནུས་ཆེ”བཅས་ཀྱི་ཕྱོཌ་བསྡུས་བཅོས་སྐྱོང་ལྟེ་གནས་ཧུར་ཐག་སྐྲུན་པ་བཅས་བྱས་ནས་འགལ་བ་དང་རྩོད་གཞི་སེལ་རྒྱུ་དེ་རིག་ནུས་ཅན་གྱི་ཕྱོཌ་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་ཉེན་དོན་མིན་པའི་ཉེན་ཟོན་གནས་ཚུལ་གྱི་ཕྱོགས་བགོས་མཉམ་འགུལ་ཆ་འཕྲིན་ཅན་ལེགས་སྒྲུབ་བྱས་ཏེ་110ཉེན་བརྡའི་ཞབས་ཞུའི་ལས་སྟེགས་དེ་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་དང་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱུང་ཡོད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རང་ལྗོངས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འགལ་ཟླ་དང་རྩོད་གཞིའི“མཐའ་ཚུགས”སུ་རྒྱུན་ཆད་མེད་པར་བཏོད་དེ་མང་ཚོགས་ཀྱི་རེ་ཞུ་ཚང་མ་ཐག་གཅོད་བྱེད་མཁན་ཡོད་པ་དང་ཁྲིམས་ལྟར་སྒྲུབ་མཁན་ཡོད་པའི་འགན་ལེན་གྱིས་འགལ་ཟླ་དེ་ཐོན་མ་ཐག་ཐག་གཅོད་ཐུབ་པ་དང་གཞི་རིམ་དུ་སེལ་ཐུབ་པར་བྱས་ནས་གཞུང་དྲང་དང་དྲང་བདེན་མང་ཚོགས་ཚོའི་ཉེ་འགྲམ་དུ་ཡོད་པ་ཚོར་ཐུབ་པ་བྱེད་རྒྱུ་རེད།