ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་བ།
གསར་འགོད་པས་ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཚུན། ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ལ་ཤུགས་སྣོན་བརྒྱབ་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་མུ་མཐུད་རམ་འདེགས་བྱས་ཤིང་། རིམ་རྩིས་བརྒྱབ་ན། ལས་ཞུགས་ལས་གནས་ཁྲི་2.53མཁོ་འདོན་བྱས་པ་དང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་10055ལས་ཀར་བསྡུས་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་འགན་འཁུར་ནས་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གནས་གསར་སྤེལ་བྱས་ཏེ། “ཆེད་ལས་དང་ག་རྒྱག་པ་དང་། ཆ་རྐྱེན་འོས་འཚམ་ཡིན་པ། ཚོགས་པ་སྒྲིག་པ”བཅས་ཀྱི་ལས་ཞུགས་རྩ་དོན་གཞིར་བཟུང་། རྒྱལ་ཁབ་གློག་དྲ་དང་། ཀྲུང་གོ་གློག་འཕྲིན། ཀྲུང་གོ་འཛུགས་སྐྲུན་སོགས་ཀྲུང་དབྱང་ཁེ་ལས་30ལྷག་ཙམ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ལས་ཞུགས་ལས་གནས་དེ་བས་མང་བ་བརྩོན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ལས་ཞུགས་ལས་སྟེགས་ཧུར་ཐག་འཛུགས་པ་དང་། ཁྲོམ་ར་ཅན་གྱི་ལས་ཞུགས་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་ཐོག་དང་དྲ་ཕྱིའི་ལས་བསྡུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། རིགས་ཁག་གི་ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཁག་གི་ལས་བསྡུའི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ཀྲུང་དབྱང་ཁེ་ལས་གྱི“ཡུལ་གསུམ”ལས་བསྡུ་དང་། བོད་ཀྱི་གྲངས་འཛིན་ལས་བསྡུ། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཆ་འཕྲིན་དྲ་བ་སོགས་ལས་སྟེགས་བརྒྱུད། ལས་བསྡུའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཏེ། སློབ་ཐོན་སློབ་མ་ལས་བསྡུའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། “སློབ་གྲྭར་བསྐྱོད་ནས་ལས་མི་བསྡུ་བ”མཐའ་འཁྱོངས་བྱས་ཏེ། “ཁེ་ལས་རེར་ལས་བསྡུ་རེ”དང་“སློབ་གྲྭ་རེར་ལས་བསྡུ་རེ”སོགས་ཀྱི་སློབ་གྲྭའི་ཆེད་དོན་ལས་བསྡུའི་འདུ་ཚོགས་བབ་བསྟུན་སྒྲིག་འཛུགས་བྱས་ཏེ། ལས་མི་བསྡུ་མཁན་དང་ལས་ཀ་འཚོལ་མཁན་ཕྱོགས་གཉིས་ཀས་གདམ་ག་བྱེད་པའི་ལས་སྟེགས་བཏོད་ནས་བར་ཐག་མེད་པའི་ལས་ཞུགས་ཐུབ་པ། ལྗོངས་ཕྱིར་ལས་ཞུགས་བྱེད་སྟངས་གསར་གཏོད་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཀྲུང་དབྱང(གཞུང་ཁོངས)ཁེ་ལས་བཅས་དང་མཉམ་དུ་ཁྲོམ་ར་ཅན་གྱི་ལས་ཞུགས་སྐུལ་འདེད་རྣམ་གྲངས་ལག་བསྟར་བྱས་ཏེ། གསོ་སྦྱོང་དང་། ལས་ཞུགས། ལས་གནས་བརྟན་པོ་བཅས་ཟུང་འབྲེལ་གྱི་རྣམ་པ་འཚོལ་ཞིབ་བྱས་ནས་ལྗོངས་ཕྱིར་ལས་ཞུགས་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་བཏང་བས། དུས་ཐེངས་དང་པོའི་རྣམ་གྲངས་ནང་སློབ་མ་40ལྗོངས་ཕྱིར་ལས་ཞུགས་བརྟན་པོ་བྱུང་བ་རེད།