འབད་འབུངས་ཆེན་པོས་མདུན་དུ་བསྐྱོད། འཕེལ་རྒྱས་ལེའུ་གསར་མཉམ་དུ་བརྩམས།
—— རང་ལྗོངས་ཀྱིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྩེ་རིམ་ཇུས་འགོད་དང་། ཚོང་གཉེར་ཁོར་ཡུག སྲིད་ཇུས་རྒྱབ་སྐྱོར། ཁྲིམས་སྐྱོང་འགན་སྲུང་སོགས་ཀྱི་ཐད་ཤུགས་རྒྱག་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་མུ་མཐུད་ཤུགས་ཆེར་གཏོང་བ། དམངས་གཉེར་ཁེ་ལས་རྒྱ་སྟོབས་ཆེ་རུ་འགྲོ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་བཅས་ལས། དམངས་གཉེར་དཔལ་འབྱོར་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་ལྡན་པ་མངོན་ཡོད།
2023ལོའི་ཟླ་5པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་དོན་ཁང་གིས་ཁེ་ལས་ཁྲོམ་ཞུགས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རང་སྐྱོང་ལྗོངས་རིམ་པའི་ཁྲོམ་ཞུགས་རྗེས་གྲབས་ཁེ་ལས་ཀྱི་གཙོ་གནད་ཐོན་ཁུངས་མཛོད་བཙུགས་པ་དེ་སྨན་རྫས་བཟོ་སྐྲུན་དང་། རིག་གནས་ཡུལ་སྐོར། ཚན་རྩལ་ཁྱབ་གདལ་སོགས་ལས་རིགས་ཀྱི་དམངས་གཉེར་ཁེ་ལས་83ལ་ཁྱབ་པ་དང་། ལྗོངས་ཡོངས་ཀྱི་དངུལ་ཁང་16ལ་ཁྲོམ་ཞུགས་རྗེས་གྲབས་ཁེ་ལས་ཀྱི་མིང་ཐོ་འགྲེམས་སྤེལ་བྱས་ཏེ། དངུལ་རྩའི་སྒྲིག་གཞིས་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པ་དང་། ཉེན་ཁ་ཚོད་འཛིན་ཐུབ་པ། ཚོང་ལས་རྒྱུན་མཐུད་ཆོག་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག ཁྲོམ་ཞུགས་རྗེས་གྲབས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་བྱས་ཏེ། “ཁྲོམ་ཞུགས་དངུལ་བུན”འདོན་པར་ཁོར་ཡུག་བཟང་པོ་བསྐྲུན་ཡོད།
བོད་ལྗོངས་དངུལ་ཁང་གིས“ཁྲོམ་ཞུགས་དངུལ་བུན”གྱི་ཡིད་རྟོན་དངུལ་བུན་ལ་ཞིབ་དཔྱད་དང་། ཡིད་རྟོན་དངུལ་བུན་གྱི་གྲངས་ཚད། དངུལ་བུན་གཏོང་བའི་མྱུར་ཚད་སོགས་ལ་མྱུར་སྐྱོད་བགྲོད་ལམ་བཏོད་ནས་རང་སྐྱོང་ལྗོངས་རིམ་པའི་ཁྲོམ་ཞུགས་རྗེས་གྲབས་ཁེ་ལས་ཀྱི་གཙོ་གནད་ཐོན་ཁུངས་མཛོད་ལ་གཞི་ཚུགས་ཏེ་ཡིད་རྟོན་ཁོ་ནའི་བྱ་ཐབས་སྤྱད་དེ་ཆ་རྐྱེན་དང་མཐུན་པའི་ཁྲོམ་་ཞུགས་རྗེས་གྲབས་ཁེ་ལས་ལ་རྒྱུན་གཏན་གྱི་གཉེར་སྐྱོང་འཁོར་རྒྱུག་ཐད་སྤྱོད་པར་དངུལ་བུན་མཐོ་ཤོས་སྒོར་ཁྲི་3000བཏང་བས། ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་བྱེད་པ་དང་། འཇུར་མིག་སེལ་བ། འཕེལ་རྒྱས་སྟོབས་ཆེར་གཏོང་བ་བཅས་ལ་རོགས་རམ་ནུས་ལྡན་ཐུབ་ཡོད་པ་རེད།
ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་དུ་སྐྱོད་སྐབས། སྐར་ཁུང་ཁག་གི་མདུན་དུ་མི་ཚོགས་ཀྱིས་ཁེངས་པ་དང་། དོན་དག་སྒྲུབ་པར་ཡོང་མཁན་བང་སྒྲིག་བཞིན་ཡོད།
“དངོས་འབྲེལ་སྟབས་བདེ་པོ་འདུག ང་ཟ་ཁང་གི་འབྲེལ་ཡོད་ལག་ཁྱེར་གཉེར་བར་ཡོང་བ་ཡིན། ཉིན་འགའ་ཤས་འགོར་གྱི་རེད་སྙམ་བྱུང་ཡང་དེ་རིང་ཐེངས་གཅིག་ལ་བསྒྲུབ་ཐུབ་པས། ས་ཆ་མང་པོར་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་མ་བྱུང”ཞེས་ལྷ་སའི་ཟ་ཁང་ཞིག་གི་འགན་འཁུར་བ་ཝང་ཝེ་ཡིས་དགའ་ཚོར་ཆེན་པོས་བརྗོད།
གང་དུ་ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་ཡོད་ན་ཁེ་ལས་དེ་གར་འགྲོ་སྲིད། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཆེད། ལོ་མང་རིང་། རང་ལྗོངས་ཀྱི་འཕེལ་སྒྱུར་སྡེ་ཚན་གྱིས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》བཏོན་པ་དང་། ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་གི“གཙོ་གནད་གཅིག་དང་ཞིབ་ཐོ་གཉིས”བཟོས་པ། “རྒྱལ་ཡོངས་ཀྱི་ཞིབ་ཐོ་གཅིག”དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་བ། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཁྲོམ་རར་ཞུགས་འཐུས་ཀྱི་ངོ་བོ་ལྡན་པའི་ལྡོག་ཕྱོགས་ཀྱི་ཞིབ་ཐོ་རང་འགུལ་ངང་ཁྱབ་བསྒྲགས་བྱེད་པར་གཏན་འགོག་བྱས་ཡོད། ཁེ་ལས་ཀྱི“དྲ་གཅིག་ཀུན་སྒྲུབ”གཉེར་བའི་ཆུ་ཚད་ལེགས་སུ་བཏང་སྟེ་རིག་ནུས་སྒྲིག་ཆས་ལ་བརྟེན་ནས“འཛུལ་བདེ་བ་དང་། འཕྲལ་མར་སྒྲུབ་པ། སྟབས་བདེ་བ”བཅས་ཀྱི་ཁེ་ལས་ཐོ་འགོད་བྱེད་སྟངས་མཁོ་འདོན་བྱས་པས། ཁེ་ལས་ལ“རེ་ཞུ་བཏོན་པར་ལམ་སེང་སྒྲུབ་གཉེར་དང་ལམ་སེང་ཆོག་མཆན་འགོད་པ”མངོན་འགྱུར་བྱུང་ཡོད།
2024ལོའི་ཟླ་12ཚེས་16ཉིན། 《རིམ་པ་མང་བའི་དམངས་གཉེར་ཁེ་ལས་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྤེལ་རེས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ》པར་འགྲེམས་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྤེལ་རེས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་རེ་ཞུ“བསྡུ་རུབ་དབྱེ་ཞིབ་དང་། མཐུན་སྦྱོར་ཐག་གཅོད། རྗེས་སྙེགས་ལྟ་སྐུལ”བཅས་ཀྱི་ཞབས་ཞུའི་འབྲེལ་ཐག་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་དང་སྒྲིག་སྲོལ་ལྟར་དམངས་གཉེར་ཁེ་ལས་ཀྱི་དཀའ་གནད་བསལ་བ་དང་བྱ་བ་དངོས་བསྒྲུབས་ཡོད།
དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད། རང་ལྗོངས་ཀྱི་འཕེལ་སྒྱུར་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་སྤྱི་འདོམས་མཐུན་སྦྱོར་བྱས་ནས“དམངས་གཉེར་ཁེ་ལས་བཅའ་ཁྲིམས་ཀྱི་འཆད་སྟེགས་ཆེན་པོ”དང“ཞིབ་དཔྱོད་ཀྱིས་ཁེ་ལས་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ཏེ་12309ཞིབ་དཔྱོད་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་དམངས་གཉེར་ཁེ་ལས་ཀྱི་གཏུག་བཤེར་ཞབས་ཞུའི་བགྲོད་ལམ་ཤར་གཏོང་ཐུབ་པ་དང་། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཡོད། ཁེ་ལས་རུབ་འདུས་ཆེ་བའི་གླིང་ཁུལ་དུ“ཁྲིམས་སྐྱོང་ཁུལ་ཀྲང་གཞོན་པ”འཛུགས་པ་དང་འཚོལ་ཞིབ་བྱས་ནས་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་དྲིལ་བསྒྲགས། བཅའ་ཁྲིམས་བློ་འདྲི་བཅས་ཀྱི་ཞབས་འདེགས་ཞུས་ཡོད་པ་རེད།
དེ་དང་ཆབས་ཅིག རང་ལྗོངས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། རང་སྐྱོང་ལྗོངས་རིམ་ངོས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་101བདམས་ཏེ་དམངས་གཉེར་ཁེ་ལས་ལ་གཙོ་གནད་ཐོག་ཏང་འཛུགས་སྐྱོང་ལས་དོན་ཐད་མཛུབ་ཁྲིད་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི“གསུམ་ལྡན”ཚད་གཞིའི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་84.91%དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་94.53%ཟིན་ཡོད་པ་རེད། རྒྱལ་ཡོངས་སུ“ཕྲན་སྒེར་ཆེད”དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་དྲ་བ་ཅན་གྱི་དོ་དམ་ཐོག་མར་ཁྱབ་གདལ་བཏང་སྟེ། “ཕྲན་སྒེར་ཆེད”དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་567ཟིན་ཡོད།
ད་ཆ། དམངས་གཉེར་དཔལ་འབྱོར་མི་སྣ་མང་པོས་བོད་དུ་མ་འཇོག་བྱས་ནས་ཁེ་ལས་དར་རྒྱས་གཏོང་བ་དང་། དམངས་གཉེར་ཁེ་ལས་མང་པོ་གངས་ལྗོངས་ས་མཐོར་མགྱོགས་མྱུར་དར་རྒྱས་བྱུང་སྟེ། ཕུགས་འདུན་འགྲུབ་པ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་རྩོམ་བཞིན་མཆིས།