ཉིང་ཁྲིའི་རྫོང་ཁོངས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དངུལ་རྩའི་ཞབས་ཞུའི་དྲ་ཚིགས་ཐོག་མ་གཉེར་སྐྱོང་བྱེད་འགོ་ཚུགས་པ།
ཉེ་ཆར་ཀྲུང་གོ་དངུལ་ཁང་ཉིང་ཁྲི་སྤོ་བོ་རྫོང་ཉིང་ལག་དངུལ་ཁང་གི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དངུལ་རྩའི་ཞབས་ཞུའི་དྲ་ཚིགས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐོབ་པ་དེ་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་ཁོངས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དངུལ་རྩའི་ཞབས་ཞུའི་དྲ་ཚིགས་དང་པོ་དེ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་མཚོན་པ་དང་། དེས་རྫོང་ཁོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་དང་ཕྱི་རྒྱལ་ནས་བོད་དུ་ཡོང་མཁན་མི་སྣ་སོགས་ལ་རྒྱལ་མཚམས་ལས་སྒྲོལ་བའི་དུས་རྩིས་དང་། ཕྱི་ཕྱོགས་ཀྱི་བྱང་བུའི་གཏོང་སྤྲོད། ཕྱི་ཕྱོགས་དངུལ་སྨར་བརྗེ་རེས་སོགས་ཀྱི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་ཡི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དྲ་ཚིགས་དེ་ནི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་བར་བྱེད་པའི་བཀོད་སྒྲིག་དོན་འཁྱོལ་དང་ཉིང་ཁྲིའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཞབས་འདེགས་ཞུ་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས“རྨང་གཞིའི་ཞབས་ཞུ་དང་ཁྱད་ལྡན་ནུས་པ་ཟུང་འབྲེལ”གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དངུལ་རྩའི་སྒྲོམ་གཞི་རགས་ཙམ་ཆགས་ཡོད་པ་རེད། ཕན་ནུས་འདོན་སྤེལ་ཏན་ཏིག་བྱ་ཆེད། དྲ་ཚིགས་དེས་རྗེས་སུ་ཆེད་ལས་གསོ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ལྟར་ཕྱི་དངུལ་སྲིད་ཇུས་དང་རྒྱལ་མཚམས་སྒྲོལ་བའི་བསྡོམས་རྩིས་དང་དེ་བཞིན་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་སོགས་ཆེད་དོན་གསོ་སྦྱོང་བྱས་ནས་ལས་དོན་པའི་ལས་སྒོའི་ནུས་པ་དང་སྒྲིག་སྲོལ་དང་མཐུན་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། ཕྱི་རྒྱལ་ནས་བོད་དུ་ཡོང་བའི་མི་སྣའི་གཏོང་སྤྲོད་ཞབས་ཞུ་ལེགས་སུ་བཏང་ནས་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་དང་ཚོང་དོན་འགྲོ་འོང་ཚོགས་སྤྱིར་དམིགས་ནས་སྐད་རིགས་མང་པོའི་ཁྲིད་སྟོན་མང་དུ་བཏང་ནས་ཕྱི་དངུལ་ཉོ་སྤྲོད་ཀྱི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་བཏང་ནས་དངུལ་ཁང་དང་། སྲིད་གཞུང་། ཁེ་ལས་བཅས་འབྲེལ་མཐུད་སོགས་ཀྱི་རྣམ་པ་བརྒྱུད། དངུལ་བརྗེས་འཛའ་ཐང་ཉེན་གཡོལ་དང་རྒྱལ་མཚམས་ལས་སྒྲོལ་བའི་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་ཁྱབ་གདལ་གཏོང་བ། ཉེན་ཁའི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་དང་། ནང་ཁུལ་ཚོད་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་དངུལ་ལས་སྒོའི་དོན་དངོས་རང་བཞིན་ལ་ཞིབ་བཤེར་བྱེད་པའི་འོས་འགན་ལག་བསྟར་ནན་པོ་བྱེད་པ་བཅས་བྱས་ཏེ་དངུལ་རྩའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་འཛུགས་རྒྱུ་ཡིན་པ་རེད།