ལྷ་ས་གྲོང་ཁྱེར་གྱིས་ཤེས་བྱའི་བདག་དབང་གི་གྲུབ་འབྲས་གསལ་ཐོ་ཡོངས་བསྒྲགས་བྱས་པ།
རྣམ་གྲངས་མང་པོ་ལྗོངས་ཡོངས་ནས་ཐེངས་དང་པོ་ཡིན་པས་སྤུས་རྟགས་འཛུགས་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་འཛམ་གླིང་གི་ཤེས་བྱའི་བདག་དབང་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཤེས་བྱའི་བདག་དབང་གི“2345ཡི་བཀྲག་མདངས་འཚེར་བའི་ལས་ཀའི”གྲུབ་འབྲས་ཀྱི་གསལ་ཐོ་བཏོན་ཞིང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས། སྤྱི་བདེ་ཅུས། རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་ཁག་གཉིས་པའི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཁྱེར་གྱི་ཆོག་མཆན་ཐོབ་པ་དེ་བོད་དུ་ཐོག་མ་ཡིན་པ་དང་། “འདམ་གཞུང་འབྲི་གཡག”གི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་གཏོད་འགོ་ཚུགས་པ། དྲ་ཐོག་ཚོང་དོན་ལས་སྟེགས་བཅའ་སྡོད་བྱས་ནས་ཚན་ཞིབ་ཚན་པ་3དང་འཐབ་ཇུས་མཉམ་ལས་བྱས་པ། ཁེ་བེད་བདག་ཐོབ་དང་། ས་ཁམས་མཚོན་རྟགས་ཀྱི་བདག་དབང་། ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་འགན་བཅོལ་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་ཉེན་ཁ་འགན་སྲུང་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བོད་ལྗོངས་གནམ་མཚོ་ཁེ་ལས་ཚད་ཡོད་ཀུང་སི་དང་ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིའི་དབར་ལྗོངས་ཡོངས་ཀྱི་ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་འགན་བཅོལ་ཁག་དང་པོའི་གན་རྒྱ་བཞག་སྟེ། འགན་བཅོལ་འགན་སྲུང་སྒོར་ཁྲི་175མཁོ་འདོན་བྱས་པ། ལྗོངས་ཡོངས་ཀྱི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཐོག་མ་དེ་བསྐྲུན་པ། རྒྱ་བོད་ཤན་སྦྱར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱའི་བདག་དབང་གི་སློབ་ཚན་བཀོད་སྒྲིག་བྱས་པར་མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་རྟགས་ཁག་60ཙམ་ལ་སྲུང་སྐྱོབ་ཐུབ་པ། ཤེས་བྱའི་བདག་དབང་གི་ཆེད་ལས་ཨུ་ལྷན་བཙུགས་ནས་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་ཞབས་ཞུའི་བློ་འདྲི་ཐེངས་400ལྷག་ཙམ་བྱས་པ། ལྗོངས་ཡོངས་ཀྱི་གྲངས་གཞིའི་ཤེས་བྱའི་བདག་དབང་ཐོ་འགོད་ཐེངས་དང་པོ་ལེགས་སྒྲུབ་བྱས་པ། ཤེས་བྱའི་བདག་དབང་ཁྱབ་ཁོངས་སུ་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ཀྲུང་ཧྭའི་ཚོང་རྟགས་སྤུས་རྟགས་དངོས་མང་སྟོན་ཚོགས་ཀྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོབ་པ། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ལ་ནུབ་རྒྱུད་གཙོ་གནད་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ཁྲིམས་སྒྱུར་འགྲན་བསྡུར་གྱི་མཉམ་སྡེབ་བྱ་དགའ་ཨང་གསུམ་པ་ཐོབ་པ་བཅས་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་12ཚེས་15ཉིན་བར། ལྷ་ས་གྲོང་ཁྱེར་གྱི་ནུས་ཐོན་ཚོང་རྟགས་ཁག་41530(ལྗོངས་ཡོངས་ཀྱི་62.1%བཟུང་བ)དང་། ནུས་ཐོན་ཁེ་བེད་བདག་ཐོབ་ཁག་6686(ལྗོངས་ཡོངས་ཀྱི་79.1%བཟུང་བ)ཟིན་པ་མ་ཟད། ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཁག་23དང་སྲུང་སྐྱོབ་ཐོན་རྫས་7ཡོད་པ་རེད།