བོད་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ།
ལྗོངས་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རིང་། “སློབ་སྦྱོང”རྩ་བར་བརྩི་བ་དང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “སློབ་སྦྱོང་ལ་སྤུས་ཚད་ལྡན་པའི”ཐད་བྱ་ཐབས་དངོས་སྤྱོད་པ་དང་། འབད་བརྩོན་དངོས་བྱེད་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་བཅས་ཇི་མ་ཇི་བཞིན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། སློབ་སྦྱོང་གི་བརྒྱུད་རིམ་དེ་ཏང་གཤིས་ལ་ཞུན་བརྡར་དང་། བསམ་བློའི་གོ་རྟོགས་མཐོར་གཏོང་། བྱ་སྤྱོད་ཀྱི་རང་རྟོགས་ཆེར་གཏོང་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱས་ཏེ། སྤྱོད་ཚུལ་བཟང་པོ་དང་གཟུགས་བརྙན་བཟང་པོ་དངོས་འབྲེལ་གཏོད་བཞིན་ཡོད་པ་རེད།
གོང་དཔེ་འོག་སྟོན་གྱིས་དཔེ་སྟོན་སློབ་སྦྱོང་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། རྒྱུན་ཨུ་ལྷན་རྒྱས་དང་ཞིང་ཆེན་རིམ་པའི་ལས་བྱེད་པ་གཞན་དག་གིས་དུས་ཚོད་གཅིག་སྡུད་ཀྱིས་གཙོ་གནད་ནང་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཟབ་སྦྱོང་མཐིལ་རྟོགས་བྱེད་རིང་བློ་ལ་བརྟན་པོར་ངེས་དགོས་པ་དང་། ལྷག་བསམ་རྣམ་དག་གིས་ལག་ལེན་བྱེད་རིང་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་བྱེད་དགོས་པ། རང་གཅུན་ནན་པོ་བྱེད་རིང་རང་ཉིད་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ། རྒྱུན་རྣམ་དང་ཕུགས་ཕན་ཁྲོད་ལག་ལེན་བསྟར་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད། ས་གནས་ཁག་དང་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་སྔ་རྗེས་སུ་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པར་གོ་བ་ལེན་པ་བཅས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཆབ་སྲིད་ཀྱི་ངེས་ཤུགས་ཆེར་གཏོང་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་ཏང་གཤིས་བརྟན་པོ་ཞུན་བརྡར་སྤྲས་ཏེ་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་པོར་བརྟེན་ནས་སྤྱོད་ཚུལ་གྱི་ཆུ་རགས་བརྟན་པོ་བསྐྲུན་ཡོད། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལྗོངས་གཞུང་ལམ་ལྟེ་གནས་དང་སྐྱེལ་འདྲེན་དོ་དམ་ཅུས་སོགས་གཤམ་འོག་ཚན་པར་སློབ་སྦྱོང་དང་སློབ་གསོ་ཡག་པོ་སྤེལ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། ཐིང་ཏང་ཙུའུ་དང་གཤམ་འོག་ཚན་པའི་ཏང་ཨུད་ཚན་ཁག་གི་ཁོངས་མིས་ཐུན་མོང་ཐོག་མཉམ་སྡེབ་སློབ་སྦྱོང་བྱས་པ་རེད།
བགྲོ་གླེང་དང་སྤེལ་རེས་བྱས་ནས་ཕན་ཚུན་དཔྱད་གཞིར་བཟུང་སྟེ་སློབ་སྦྱོང་བྱས་ཤིང་། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས་སོགས་ཀྱི་བྱ་ཐབས་བརྒྱུད་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གོམས་སྲོལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་དང་། ‘སྤྱོད་ཚུལ་བཞི’ཡོ་བསྲང་བྱེད་པ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་ཕན་ཚུན་འབྲེལ་མཐུད་བྱེད་པ”ཞེས་པའི་བགྲོ་གླེང་གི་ཆེད་དོན་བཞི་བཏོན་ནས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ནན་ཏན་བྱེད་རིང་ངོས་འཛིན་ཟབ་ཏུ་གཏོང་བ་དང་། བགྲོ་གླེང་སྤེལ་རེས་བྱེད་རིང་བསམ་བློ་ཡར་རྒྱས་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས“གསར་བརྗེའི་སྤོ་བོ་དང་། དཔའ་བོའི་རྫ་ཡུལ། མཐའ་སྟོབས་མེ་ཏོག”བཅས་ཀྱི་གསར་བརྗེའི་ཞིབ་སློབ་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ཏེ། འཐབ་ས་དང་པོའི་ཞིབ་སློབ་དང་ཉམས་མྱོང་མཉམ་སྤྱོད་ཀྱི་དངོས་སྦྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས། ཏང་ཡོན་དང་ལས་བྱེད་པའི་ཏང་གཤིས་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་བསྒྱུར་བར་སྐུལ་འདེད་བཏང་བ་རེད།
རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱས་ཤིང་། ས་གནས་ཁག་དང་ཚན་པ་ཁག་གིས་སྔ་རྗེས་སུ་ཆེད་དོན་འཆད་ཁྲིད་གཉེར་ནས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་འགོ་ཁྲིད་གདན་དྲངས་ཏེ་ཕྱོགས་ཡོངས་དང་ཕྱོགས་མང་པོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་གསལ་འགྲེལ་བྱས་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གདན་དྲངས་ནས“སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་ནི་ཏང་གི་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གཟབ་ནན་ཞིག་རེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་860ལྷག་ཙམ་ལ་སློབ་ཁྲིད་བྱས་པ་རེད། ལྗོངས་སློབ་གསོ་ཐིང་དང་། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་། ལྗོངས་སྨན་བཅོས་འགན་བཅོལ་ཅུས། ལྗོངས་ཚན་རྩལ་མཐུན་ཚོགས། བོད་ལྗོངས་དངུལ་ཁང་བཅས་ཀྱིས་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་གདན་དྲངས་ནས་སྒྲིག་འགལ་གྱིས་ཟ་འཐུང་དང་། ལག་རྟགས་དང་དངུལ་ལེན་པ། ཕོགས་སྣོན་ཁ་གསབ་སྤྲོད་པ་སོགས་ཀྱི་རྒྱུན་མཐོང་གནད་དོན་ལ་གཙོ་གནད་ཐོག་དབྱེ་ཞིབ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་རང་བྱུང་ཐོན་ཁུངས་ཐིང་། ལྗོངས་ཞིང་ལས་གྲོང་གསེབ་ཐིང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་གདན་དྲངས་ནས་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་ཞིབ་ཕྲའི་མཚོན་ཚུལ་དང་མཇུག་འབྲས་ཚབས་ཆེན་འགྲེལ་བཤད་བརྒྱབ་པ་རེད།
དྲ་ཐོག་ལས་སྟེགས་ནས་སྟབས་བསྟུན་སློབ་སྦྱོང་བྱས་ཤིང་། དྲ་ཐོག་དང་དྲ་ཕྱི་ནས་ཏང་ཡོན་དང་ལས་བྱེད་པའི་རང་སྦྱོང་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གུང་ཁྲན་ཏང་ཡོན་དྲ་བའི་དྲ་ཐོག་སློབ་ཚན་དང་། “སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན” བོད་ཀྱི་ཏང་ཡོན་སློབ་གསོའི་དྲ་བ་སོགས་སློབ་སྦྱོང་ལས་སྟེགས་གང་ལེགས་སྤྱད་ནས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དང་ཀྲུང་གོའི་བོད་ལྗོངས་འཕྲིན་དྲ་སོགས་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་དྲ་ཚིགས་གཙོ་བོ་དང་དེ་བཞིན་དུད་སྣེར་སློབ་སྦྱོང་སློབ་གསོའི་ཆེད་དོན་བཙུགས་ཡོད། མིག་སྔར་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་དང་སློབ་སྦྱོང་དཔྱད་གཞིའི་ཡིག་རིགས་530ལྷག་ཙམ་འགྲེམས་སྤེལ་བྱས་ནས“རྟག་ཏུ་སྦྱོང་ཐུབ་པ་དང་ག་དུས་ཡིན་རུང་གོ་བ་ལེན་ཐུབ་པའི”སློབ་སྦྱོང་གི་རྣམ་པ་བཟང་པོ་བསྐྲུན་ཡོད་པ་རེད།